དབྱིན་ཇིའི་བོད་དོན་རྒྱབ་སྐྱོར་ཚོཊ་པས་ཆེ་བསྟོད་ཀྱི་ལྷན་ཚོཊ་གོ་བསྒྲིཊ།
2015.10.16

རྒྱ་ནག་གི་སྲིད་འཛིན་Xi Jinping དབྱིན་ཡུལ་དུ་གཞུང་དོན་འཚམས་གཟིགས་སྐབས་དང་བསྟུན་ཏེ་དབྱིན་ཇིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་ཁག་ཅིག་ནས་རྒྱ་ནག་གི་བཙོན་འཇུག་འོག་ཡོད་པའི་བོད་མི་དང་ཡུ་གུར་བ། དེ་བཞིན་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་རྣམས་ལ་ཆེ་བསྟོད་ཀྱི་ལྷན་ཚོགས་གོ་བསྒྲིགས་ཞུ་རྒྱུ་ཡིན་འདུག༎
རྒྱ་ནག་གི་སྲིད་འཛིན་Xi Jinping
བདུན་ཕྲག་རྗེས་མ་དབྱིན་ཡུལ་དུ་ཉིན་གྲངས་བཞིའི་རིང་གཞུང་དོན་འཚམས་གཟིགས་གནང་གི་ཡོད་པ་རེད། སྲིད་འཛིན་མཆོག་གི་རྒྱལ་དོན་འཚམས་གཟིགས་འགོ་འཛུགས་ཀྱི་སྔ་ནུབ་ཏུ་རྒྱལ་ས་ལོན་ཊོན་དུ་རྟེན་གཞི་བྱས་པའི་Tibet Society བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། དབྱིན་ཡུལ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གཉིས་ཀྱིས་རྒྱལ་ས་ལོན་ཊན་ནང་། རྒྱལ་ཁབ་མེད་པའི་གསོལ་སྟོན་ཞེས་གོ་བསྒྲིགས་ཞུས་པ་བརྒྱུད་བོད་དང་ཡུ་གུར་གྲངས་ཉུངས་མི་རིགས་གཙོས་པའི་རྒྱ་ནག་སྤྱི་ཡོངས་སུ་འགྲོ་བ་མིའི་ཐོབ་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་ལ་ཐེར་འདོན་གྱི་གཏམ་བཤད་དང་། ཞུགས་མོལ་ལྷན་ཚོགས་གནང་རྒྱུ་ཡིན་འདུག དབྱིན་ཇིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་Fabian Hamilton མཆོག་གིས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། དབྱིན་ཡུལ་གྱི་སྲིད་བློན་David Cameron མཆོག་ནས་ རྒྱ་ནག་གི་སྲིད་འཛིན་ལྷན་དང་མཇལ་འཛོམས་སྐབས་འགྲོ་བ་མིའི་ཐོབ་ཐང་དེ་བཞིན་གནད་དོན་གལ་ཆེ་ཞིག་ལ་ངོས་འཛིན་གྱི་གླེང་སློང་གནང་དགོས་པ་ཞིག་དང་། སྤྱིར་ཚོང་དོན་དང་དཔལ་འབྱོར་འབྲེལ་ལམ་གྱི་ཆ་ནས་རྒྱ་ནག་དང་འབྲེལ་བ་བཟུང་གལ་ཆེ་ཡང་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ལ་སྣང་མེད་བཞག་ན་འགྲིག་ཐབས་མེད་པའི་སྐོར་ནན་བརྗོད་གནང་འདུག། དེ་བཞིན་Tibet Society བོད་དོན་རྒྱབ་སྐྱོར་ཚོགས་པས་ ༢༠༡༢ལོར་ Xi Jinping ནས་སྲིད་འཛིན་གྱི་ལས་ཁུར་བཞེས་པ་ནས་བཟུང་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་དོ་དམ་འཛིན་བཟུང་བྱས་པ་དང་། སྨྲ་བརྗོད་རང་དབང་ལ་དམ་བསྒྲགས་བཀག་བསྡོམས་བྱེད་པ། ལྷག་པར་དུ་བོད་དང་ཡུ་གུར་གྲངས་ཉུང་མི་རིགས། དེ་བཞིན་རྒྱ་ནག་ནང་གི་ཡེ་ཤུའི་ཆོས་དད་པ་བཅས་པའི་ཐོག་ དམིགས་བསལ་གྱི་དམ་བསྒྲགས་དང་དྲག་གནོན་ཇེ་ཆེར་སོང་ཡོད་པའི་གནས་ལུགས་ཐེར་འདོན་གནང་འདུག གོང་གསལ་དབྱིན་ཇིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་གོ་བསྒྲིགས་འོག་རྒྱལ་ཁབ་མེད་པའི་གསོལ་སྟོན་ཞེས་པའི་ལྷན་ཚོགས་སྐབས་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་Fabian Hamilton མཆོག་དང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པའི་ཚོགས་མི་Rahima Mahmut དང་ Shao Jiang འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པའི་འགན་འཛིན་David Mepham གཙོས་པའི་མི་སྣ་ཁག་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ངོ་སྤྲོད་གཏམ་བཤད་གནང་རྒྱུ་ཡིན་འདུག༎
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།