ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཁང་གི་སྤྱི་ཁྱབ་གཞུང་ཚབ་པས་རྒྱ་ནག་ལ་སྐྱོན་བརྗོད།


2019.03.08
ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཁང་གི་སྤྱི་ཁྱབ་གཞུང་ཚབ་པ(Sam Brownback)མཆོག ༢༠༡༩།༣།༨ ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཁང་གི་སྤྱི་ཁྱབ་གཞུང་ཚབ་པ(Sam Brownback)མཆོག ༢༠༡༩།༣།༨
FCC Hong Kong

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་ཐོག་དམ་དྲག་སྤྱི་དང་ལྷག་པར་དུ་བླ་སྤྲུལ་ངོས་འཛིན་བྱེད་པའི་སྲོལ་རྒྱུན་ལ་དམ་དྲག་བྱེད་བཞིན་པར་ཨ་མི་རི་ཀའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཁང་གི་སྤྱི་ཁྱབ་གཞུང་ཚབ་པས་སྐྱོན་བརྗོད་གནང་འདུག
དེ་ཡང་སྐུ་ཞབས་སེམ་སྦརའོན་སྦེཀ་(Sam Brownback)མཆོག་ཧོང་ཀོང་དུ་གཞུང་དོན་ཕྱོགས་བསྐྱོད་གནང་བཞིན་ཡོད་པ་དང་། ཕྱི་ཟླ་ ༣ ཚེས་ ༧ ཉིན་ཁོང་གིས་རྒྱ་ནག་གཞུང་གིས་མང་ཚོགས་ཀྱི་ཆོས་དད་ལ་རྒོལ་རྡུང་གི་དམག་དྲངས་བཞིན་པ་དེ་ནི་རྒྱལ་ཁ་ཐོབ་དཀའ་བའི་འཐབ་འཛིང་ཞིག་ཡིན་པ་གསུངས་ཤིང་། ཁོང་གིས་རྒྱ་ནག་གཞུང་གིས་བོད་དང་ཤིན་ཅིང་ནང་དྲག་གནོན་སྡུག་རྩུབ་ཆེ་བའི་སྲིད་ཇུས་བཟུང་བཞིན་པར་སྐྱོན་བརྗོད་གནང་ཡོད་པ་རེད།
ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཁང་གི་སྤྱི་ཁྱབ་གཞུང་ཚབ་པ་སྐུ་ཞབས་སྦརའོན་སྦེཀ་ལགས་ཀྱིས་རྒྱ་ནག་གཞུང་གིས་ཤིན་ཅིང་ཝི་གུར་ས་ཡ་གཅིག་ལྷག་ཙམ་དོ་དམ་བཙོན་འཇུག་བྱེད་བཞིན་པ་དེར་ཨ་མི་རི་ཀའི་སྲིད་གཞུང་གི་ངོས་ནས་ཐུགས་འཚབ་ཧ་ཅང་ཆེན་པོ་གནང་གི་ཡོད་པ་གསུངས་པ་དང་སྦྲགས། ཁོང་ས་གནས་དེ་དག་གི་ནང་དོ་དམ་འོག་ཡོད་པའི་མི་ཚོ་དང་རང་དབང་གི་ཐོག་ནས་ཐུག་འཕྲད་བྱ་རྒྱུའི་ཆོག་མཆན་དགོས་པའི་དགོས་འདུན་བཏོན་གནང་འདུག
ཡང་བོད་ཀྱི་སྐོར་གསུངས་སྐབས་གཞུང་ཚབ་པ་སྦརའོན་སྦེཀ་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ཀྱི་དགོན་སྡེ་ཁག་ནང་གྲྭ་བཙུན་སློབ་ཞུགས་བྱ་རྒྱུར་སྟངས་འཛིན་བྱེད་ཀྱི་ཡོད་ན་ཡང་། ལས་དོན་རུ་ཁག་ཟེར་བ་ཆེ་མངགས་དགོན་པ་གྲྭ་ཚང་ཁག་ནང་ཡོང་ནས་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་སྤེལ་བ་དང་། རང་གི་ཆོས་ལུགས་དང་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་མཚན་སྨད་ཞུ་འཇུག་གི་ཡོད་པར་མ་ཟད། ཁོང་གི་སྐུ་པར་ཉར་པ་ཙམ་གྱིས་ནག་ཐིག་གི་ཉེས་པ་བཏང་བཞིན་ཡོད་པ་གསུངས་འདུག
སྐུ་ཞབས་སྦརའོན་སྦེཀ་ལགས་ཀྱིས་རྒྱ་ནག་གིས་གྲངས་ཉུང་མི་རིགས་མང་པོའི་ཆོས་དང་རིག་གཞུང་ཉམས་ཉེས་གཏོང་ཐབས་བྱེད་བཞིན་ཡོད་པ་གསུངས་པ་དང་། དམིགས་བསལ་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་མུ་མཐུད་བཀུར་འདེབས་ཞུ་བཞིན་པར་མ་ཟད། བོད་ཀྱི་བླ་སྤྲུལ་ངོས་འཛིན་བྱེད་པའི་སྲོལ་ལུགས་ལ་དམ་དྲག་གིས་རྒྱ་ནག་གཞུང་རང་ཉིད་ཀྱི་དགོས་མཁོ་དང་མཚམས་པའི་བླ་སྤྲུལ་ངོས་འཛིན་བྱེད་བཞིན་ཡོད་པ་གསུངས་སྟེ། ཀུན་གཟིགས་པན་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་གནང་པར་རྩིས་མེད་ཀྱིས་རྒྱ་ནག་གཞུང་རང་ཉིད་ནས་པན་ཆེན་གྱི་ཡང་སྲིད་ཞིག་བསྐོ་བཞག་བྱས་པའི་གནས་ལུགས་ངོ་སྤྲོད་གནང་ཡོད་པ་རེད།  
གཞུང་ཚབ་པ་སེམ་སྦརའོན་སྦེཀ་ཧོང་ཀོང་ནས་ཕེབས་ཐོན་གྱིས་ཕྱི་ཟླ་ ༣ ཚེས་ ༩ ཉིན་ཐེ་ཝན་དུ་ཕེབས་རྒྱུ་ཡིན་འདུག  འདི་ནི་སྐུ་ཞབས་སྦརའོན་སྦེཀ་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཁང་གི་སྤྱི་ཁྱབ་གཞུང་ཚབ་པར་བསྐོ་བཞག་བྱུང་རྗེས། རྒྱ་ནག་གི་དབང་འོག་ཡོད་པའི་ཧོང་ཀོང་དམིགས་བསལ་ས་ཁུལ་དང་། རྒྱ་ནག་གིས་རྒྱུན་དུ་ཉེན་བརྡ་བཏང་ཡུལ་ཐེ་ཝན་མང་གཙོའི་ཡུལ་གྲུ་གཉིས་སུ་ཕེབས་པ་ཐོག་མ་དེ་ཡིན་པ་རེད།
ཁོང་ནི་དེ་སྔོན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཞིག་ཡིན་ལ། ཀེན་ཊ་ཀི་མངའ་སྡེའི་སྲིད་སྐྱོང་ཡང་གནང་མྱོང་ཡོད་པ་ཞིག་ཏེ། ཆབ་སྲིད་མི་སྣ་གྲགས་ཅན་ཞིག་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎