ཨ་རིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ལོ་འཁོར་སྙན་ཐོའི་ནང་བོད་སྐོར་གསལ་སྟོན་གནང་འདུག
2019.06.21
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱ་ནག་གཞུང་གིས་བོད་མི་རིགས་ཀྱི་ངོ་བོ་རྩ་བརླག་གཏོང་ཉེན་གྱི་སྲིད་བྱུས་བཟུང་བཞིན་པའི་ཐད་བསྐྱར་ཞིབ་དགོས་པའི་འབོད་སྐུལ་གནང་འདུག
དེ་ཡང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ ༢༠༡༨ ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་གནས་བབས་ཀྱི་ལོ་འཁོར་སྙན་ཐོ་དེ་ཕྱི་ཟླ་ ༦ ཚེས་ ༢༡ ཉིན་རྒྱབ་འདོན་སྤེལ་གནང་བའི་ནང་། ཨ་རིའི་གཞུང་གིས་རྒྱ་ནག་གི་མཐོ་རིམ་དཔོན་རིགས་མཉམ་མང་ཚོགས་ཀྱི་ཆོས་དད་རང་དབང་ལ་བརྩི་བཀུར་དགོས་པ་ཡང་ཡང་སྐུལ་མ་གནང་གི་ཡོད་པ་དང་། བོད་མི་རིགས་ཀྱི་སྔར་སྲོལ་ཆོས་དང་། སྐད་ཡིག་བཅས་པར་རྒྱ་ནག་གཞུང་གིས་ཐེ་གཏོགས་མེད་པར་ཉམས་ལེན་དང་གཅེས་འཛིན་བྱེད་བཅུག་དགོས་པའི་འབོད་སྐུལ་གནང་འདུག་པར་མ་ཟད། ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཁྱབ་ཁོངས་གཞུང་ཚབ་པ་དང་ཕྱི་སྲིད་སྐུ་ཚབ་དཔོན་རིགས་ཀྱིས་དུས་ནས་དུས་སུ་རྒྱ་ནག་གཞུང་ལ་བོད་ཀྱི་ཐོུང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་མི་རིགས་ཀྱི་ངོ་བོ་རྩ་བརླག་གཏོང་ཉེན་གྱི་སྲིད་བྱུས་ལ་བསྐྱར་ཞིབ་དགོས་པའི་འབོད་སྐུལ་གནང་མུས་ཡིན་ཞེས་གསུངས་འདུག
སྙན་ཐོ་འདི་ནི་རིང་མིན་ཨ་མི་རི་ཀའི་སྲིད་འཛིན་ཌོ་ནཱལཌ་ཏྲམཔ་མཆོག་དང་རྒྱ་ནག་གི་སྲིད་འཛིན་ཞི་ཇིན་པིང་རྣམ་གཉིས་ཉེ་ཧོང་དུ་འཛམ་གླིང་ནང་གི་ཡར་ཐོན་རྒྱལ་ཁབ་ཉི་ཤུའི་ཆེས་མཐོའི་ལྷན་ཚོགས་ཀྱི་ཞོར་དུ་མཇལ་འཕྲད་གནང་རྒྱུར་གཟའ་འཁོར་གཅིག་ཙམ་ལས་མེད་པའི་སྔོན་དུ་འདོན་སྤེལ་གནང་ཞིང་། རྒྱ་ནག་ཁྱོན་ཡོངས་ཀྱི་ཆོས་དད་རང་དབང་གྱི་གནས་བབས་ཐད་ཤོག་གྲངས་༨༧ཙམ་ཡོད་པའི་སྙན་ཐོ་དེ་བཞིན་རྒྱ་ནག་དང་ཤིན་ཅང་། བོད། ཧོང་ཀོང་། མ་ཁའོ་བཅས་སྡེ་ཚན་ལྔ་སོ་སོར་དབྱེ་བའི་ནང་བོད་གཅིག་པོའི་ཐོག་ཤོག་གྲངས་ ༢༠ འདོན་སྤེལ་གནང་འདུག
སྙན་ཐོ་དེའི་ནང་། བོད་མིའི་གཞི་རྩའི་རང་དབང་དང་བོད་ནང་འགྲོ་བ་མིའི་ཐོབ་ཐང་ལ་དམ་དྲག་ཅི་ཆེ་ཡོད་པར་ཨ་རིའི་གཞུང་གི་ཐུགས་ཚབས་ཡོད་པ་དང་། བོད་མིའི་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་སྔ་ལོ་ཨ་རིའི་རྒྱལ་སར་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཆེས་མཐོའི་ལྷན་ཚོགས་སྐབས་ཨ་རིའི་སྲིད་འཛིན་གཞོན་པ་ མཡེཀ་པེཎསྀ་མཆོག་དང་ཕྱི་སྲིད་དྲུང་ཆེ་ པོམ་པི་ཡོ་རྣམས་གཉིས་ནས་བོད་མིའི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་དང་མཇལ་མོལ་གནང་བ་ནི་གདུང་སེམས་མཉམ་སྐྱེད་ཀྱི་རྣམ་པ་མཚོན་ཆེད་ཡིན་པ་བཀོད་ཡོད་པ་རེད།
སྙན་ཐོ་དེའི་ནང་ད་དུང་། ༢༠༡༨ ལོར་བོད་ནང་དུ་རང་ལུས་མེར་བསྲེགས་གནང་མཁན་བཞི་བྱུང་བའི་ལོ་རྒྱུས་ཁག་གསལ་ཞིང་། བོད་དཀར་མཛེས་སེར་རྟ་བླ་རུང་སྒར་དང་། ཡ་ཆེན་སྒར་བཅས་སུ་གྲྭ་བཙུན་ ༣༠༠༠ ཕྱིར་འབུད་དང་གྲྭ་ཤག་ ༡༥༠༠ གཏོར་བཤིག་བཏང་བའི་གནས་ཚུལ་ལུང་འདྲེན་གནང་བ་མ་ཟད། བོད་མིས་ཚོས་ཆོས་ཕྱོགས་ཀྱི་དབུ་ཁྲིད་བླ་ན་མེད་པར་གལ་ཆེ་ཤོས་སུ་བརྩི་ནས་གུས་བཀུར་ཆེན་པོ་ཞུ་ཡུལ་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་དུས་རྟག་ཏུ་རྒྱ་ནག་གཞུང་གིས་མཚན་སྨད་ཞུ་བཞིན་པ་དང་། ཡང་བོད་མི་ཁག་ཅིག་ལ་ཚོང་དང་ལས་རིགས། གནས་མཇལ་བསྐྱོད་སྐབས་སོགས་སུ་དབྱེ་འབྱེད་སྡང་ཟུག་བྱེད་ཀྱི་ཡོད་པའི་གནས་སྟངས་དམིགས་བསལ་ཐེར་འདོན་གནང་འདུག
དེ་ཙམ་མ་ཟད། བོད་རང་སྐྱོར་ལྗོངས་ཟེར་བ་དང་དེའི་ཕྱི་ཕྱོགས་བོད་རིགས་ས་ཁུལ་ཁག་ཏུ་རྒྱ་ནག་གཞུང་གི་དཔོན་རིགས་ཀྱིས་ཆོས་ཕྱོགས་ཀྱི་བསྟི་གནས་དགོན་སྡེ་བཅས་ཀྱི་རྒྱུན་ལྡན་གྱི་བྱ་བཞག་ལ་ཐེ་གཏོགས་བྱས་ཤིང་། བཙན་ཁྲིད་ཀྱིས་གར་སོང་ཆར་མེད་བཟོས་པ་དང་སྡུག་སྦྱོང་མནར་གཅོད། ཁྲིམས་བཅད་དྲང་བདེན་མ་བྱས་པར་ཡུན་རིང་བཀག་བསྐྱིལ་དང་། ཆོས་ཕྱོགས་ཀྱི་ལས་དོན་བྱས་མཁན་རིགས་ལ་ཉེས་པ་འདྲ་མིན་ཁག་དཀྲི་བྱས་ནས་འཛིན་བཟུང་བྱས་པ་རྣམས་ཀྱང་གསལ་པོར་བཀོད་ཡོད་པ་རེད།
གཞན་ཡང་བོད་ཀྱི་ས་ཁུལ་ཁག་ནང་སྲོལ་རྒྱུན་གྱི་ཆོས་དད་ཉམས་ལེན་དང་གནས་བསྐོར་བསྐྱོད་མཁན་ལ་འགྲུལ་བཞུད་དམ་དྲག་བྱེད་ཀྱི་ཡོད་པ་མ་ཟད། ཆབ་སྲིད་ཀྱི་ཚོར་བ་རྣོ་བའི་ལས་དོན་དང་། ཆོས་ཕྱོགས་ཀྱི་དུས་ཆེན། ལྷག་པར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཁྲུངས་སྐར་དུས་ཆེན་སོགས་སྲུང་བརྩི་ཞུ་རྒྱུར་དམ་དྲག་བྱེད་བཞིན་ཡོད་པ་ཁག་གསལ་བཀོད་བྱས་འདུག