རྒྱ་ནག་གཞུང་གིས་བོད་མི་ཚོར་ཆོས་ལུགས་ཀྱི་མཚོན་རྟགས་རིགས་སྡོད་ཁང་དང་རི་མགོ་སོགས་སུ་བཀལ་མི་ཆོག་པའི་དམ་དྲག་བྱེད་བཞིན་ཡོད་འདུག

2024.08.30
རྒྱ་ནག་གཞུང་གིས་བོད་མི་ཚོར་ཆོས་ལུགས་ཀྱི་མཚོན་རྟགས་རིགས་སྡོད་ཁང་དང་རི་མགོ་སོགས་སུ་བཀལ་མི་ཆོག་པའི་དམ་དྲག་བྱེད་བཞིན་ཡོད་འདུག མགོ་ལོག་རྨ་ཆེན་རྫོང་ཆོས་ལུགས་ལས་དོན་ཀྱི་འབྲེལ་ཡོད་ལས་བྱེད་ཚོས་ཡུལ་དེའི་དགོན་པ་ཁག་ཏུ་ཞིབ་བཤེར་བྱེད་བཞིན་པ། ༢༠༢༤།༨ ནང་།
Chinese state media

འདི་ལོའི་ཕྱི་ཟླ་ ༧ ནས་རྒྱ་ནག་གཞུང་གིས་རྔ་བ་རྫོང་དང་མགོ་ལོག་པདྨ་རྫོང་། རྨ་ཆེན་རྫོང་སོགས་སུ་བོད་མི་ཚོའི་གྲོང་ཚོ་ཁག་ཏུ་སྡོད་ཁང་གི་ཕྱི་ཕྱོགས་སུ་དར་ལྕོག་གཙོས། ཆོས་ལུགས་ཀྱི་མཚོན་རྟགས་ཡོད་པའི་ཅ་དངོས་རིགས་གང་ཡང་བཞག་མི་ཆོག་པའི་བཙན་ཐབས་བྱེད་བཞིན་པའི་གནས་ཚུལ་ཐོན་ཡོད་པ་བཞིན། གནས་ཚུལ་དེ་རིགས་བོད་ཀྱི་ས་ཁུལ་རེ་ཟུང་ཙམ་མ་ཡིན་པར་བོད་ཀྱི་ས་གནས་མང་དག་ཅིག་ཏུ་བྱུང་བཞིན་ཡོད་པ་ལས། ལས་འགུལ་དེ་སྤེལ་དོན་ལ་རྒྱུ་མཚན་དམིགས་བསལ་བ་སོགས་འགྲེལ་བརྗོད་རིགས་མེད་ན་ཡང་། ལྷ་ས་གྲོང་ཁྱེར་དུ་གྲོང་གསེབ་དང་སྡེ་ཁུལ་དར་སྤེལ་ཞེས་པའི་ལས་གཞིའི་འོག་ཁོར་ཡུག་གཙང་སྦྲར་ཁ་གཡར་ནས། སྡོད་ཁང་གི་ཕྱི་ཕྱོགས་སུ་དར་ལྕོག་དང་བསང་ཁྲི་རིགས་འཇོག་བཅུག་གི་མེད་པ་དང་། ཡང་ས་ཆ་གཞན་ཁག་ཏུ་དར་ལྕོག་དང་ཆོས་ལུགས་ཀྱི་མཚོན་དོན་ཚབ་ཏུ་རྒྱ་ནག་གི་དར་དམར་འཛུགས་ཆེད་ཡིན་པ་སོགས། བོད་ནང་གི་འབྲེལ་ཡོད་བོད་མི་ཁག་ཅིག་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་གི་འདུག

གོང་ཞུས་འབྲེལ་ཡོད་ཅིག་ནས་མུ་མཐུད་འགྲེལ་བརྗོད་གནང་དོན་ལ། ཕྱི་ལོ་ ༢༠༢༢ ནས་བཟུང་གྲོང་གསེབ་དར་སྤེལ་ཞེས་པའི་ལས་འགུལ་ཤུགས་ཆེར་སྤེལ་འགོ་ཚུགས་རྗེས། ཡུལ་མིའི་སྡོད་ཁང་འཛུགས་སྐྲུན་དང་བཟོ་དབྱིབས་སོགས་རྒྱ་ནག་གི་ལུགས་ལྟར་འཛུགས་སྐྲུན་དགོས་པ་མ་ཟད། ཁོར་ཡུག་གཙང་སྦྲ་དགོས་སྐོར་བརྗོད་ནས་ཁང་པའི་ཕྱི་རོལ་དུ་རྒྱ་ནག་གི་དར་དམར་ལས་གཞན་གང་ཡང་འཇོག་ཆོག་མེད་སྐོར་བརྗོད་བྱུང་ལ། ཡང་སྨར་ཁམས་ཕྱོགས་ནས་ཡིན་པའི་འབྲེལ་ཡོད་བོད་མི་ཞིག་ནས། གནད་དོན་དེ་ནི་གསར་པ་གང་ཡང་མིན་པར་ཕྱི་ལོ་ ༢༠༠༨ ལོ་ནས་ང་ཚོའི་ས་ཕྱོགས་སུ་འགོ་ཚུགས་ཡོད་པ་རེད་ལ། དེ་ལྟར་བྱེད་དོན་གཙོ་བོ་ཁོ་ཚོས་དར་ལྕོག་རྣམས་ཕབ་ནས་དེའི་ཚབ་ཏུ་རྒྱ་མིའི་དར་ཆ་འཛུགས་འདོད་པས་ཡིན་པ་དང་། གལ་སྲིད་ང་ཚོས་རྒྱ་མིའི་དར་ཆ་དེ་མ་བཙུགས་པ་ཡིན་ན། ཁོ་ཚོས་དངུལ་ཆད་ཆེན་པོ་ཞིག་གཅོད་པ་སོགས་བྱེད་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་གི་འདུག

སྤྱིར་རྒྱ་ནག་གཞུང་ངོས་ནས་དེ་སྔ་ཕྱི་ལོ་ ༢༠༢༡ ལོ་ནས་བཟུང་། བོད་ནང་གི་རྨ་སྟོད་ཕྱོགས་སུ་བོད་མི་ཚོའི་རི་མགོའི་ལབ་ཙེ་དང་བསང་ཁྲི་གཏོར་བཤིག་དང་། དར་ལྕོག་དང་མདའ་སྟོད་སོགས་མེད་པ་བཟོས་ཏེ་ཕྱི་རུ་རྒྱ་ནག་གི་དར་དམར་འཛུགས་པ་སོགས་བྱས་ཡོད་པ་རེད་ལ། ད་ལྟའི་ཆར་རྒྱ་ནག་གཞུང་ངོས་ནས་ཡོངས་ཁྱབ་ངང་དེ་དག་མེད་པ་བཟོ་དགོས་པའི་བརྡ་ཁྱབ་རིགས་གང་ཡང་མེད་ན་ཡང་། རྔ་བ་དང་མགོ་ལོག སྨར་ཁམས། ལྷོ་ཁ་སོགས་ནས་འགྲེལ་ཡོད་བོད་མི་ཚོས་འགྲེལ་བརྗོད་གནང་བར་གཞིགས་ན། ས་གནས་རྒྱ་ནག་གི་འབྲེལ་ཡོད་མི་སྣ་ཚོ་སྡེ་བ་དང་གྲོང་ཚོ་རེ་རེ་བཞིན་ཉུལ་ཞིབ་ཀྱིས་གཏོར་བཤིག་གཏོང་བ་དང་། ལ་ཤས་ཀྱིས་ཆོས་ཕྱོགས་ཀྱི་ཅ་དངོས་རིགས་ལེན་དགོས་པའི་བཀོད་ཁྱབ་གཏོང་བཞིན་ཡོད་པ་འགྲེལ་བརྗོད་གནང་གི་འདུག་ལ། ལྷ་ས་སྡོད་ལུང་བདེ་ཆེན་ནས་ཡིན་པའི་འབྲེལ་ཡོད་ཅིག་ནས། སྡོད་ཁང་གི་ཕྱི་རོལ་དུ་རྒྱ་ནག་གི་དར་དམར་ངེས་པར་འཛུགས་དགོས་པ་དང་། དེ་ལྟར་མ་བྱས་པ་ཡིན་ན་རྒྱ་ནག་གི་འབྲེལ་ཡོད་ལས་བྱེད་ཚོ་ཡོང་ནས་སུན་གཙེར་བཟོ་བ་དང་ཉེས་ཆད་གཅོད་པ་སོགས་བྱེད་ཀྱི་ཡོད་པ་བརྗོད་བྱུང་།

ཡང་སྨར་ཁམས་ནས་ཡིན་པའི་འབྲེལ་ཡོད་བོད་མི་གཞན་ཞིག་ནས། དར་ལྕོག་དེ་རྒྱ་ནག་གི་རྒྱལ་དར་འོག་ཏུ་འཐེན་ཐབས་མེད་སྟབས། བོད་མི་ཚོར་ཐབས་ཤེས་གང་ཡང་མེད་པར་དར་དམར་འཛུགས་དགོས་ཁེལ་པས། རྒྱ་ནག་གི་གཞུང་འབྲེལ་མི་སྣས་དཀའ་ངལ་མང་དག་ཅིག་བཟོ་བཞིན་ཡོད་པས་རང་ངོས་ནས་མར་ཕབ་ཀྱི་ཡོད་པ་རེད་ལ། དེ་མིན་ང་ཚོའི་ས་གནས་སུ་བསང་གཏོང་བ་སོགས་བྱེད་མི་ཆོག་བརྗོད་བཞིན་འདུག་མོད། དེ་དག་རྒྱུ་མཚན་ཅིའི་ཕྱིར་ཡིན་གསལ་ཁ་མེད་སྐོར་བརྗོད་བྱུང་ལ། ཡང་ལྷོ་ཁ་ཕྱོགས་ནས་ཡིན་པའི་འབྲེལ་ཡོད་བོད་མི་ཞིག་གིས་ང་ཚོའི་ཕྱོགས་སུ་དར་ལྕོག་འཐེན་མི་ཆོག་པ་དམིགས་བསལ་མེད་ན་ཡང་། བསང་གཏོང་མི་ཆོག་པའི་དམ་དྲག་བྱེད་བཞིན་ཡོད་ཅིང་དེ་རིགས་ལ་རྒྱུ་མཚན་གསལ་ཁ་གང་ཡང་མེད་པར། གཞུང་ངོས་ནས་མ་བྱེད་ཅེས་བཤད་པར་ངོས་ལེན་བྱ་རྒྱུ་རང་ཡིན་སྐོར་སོགས་བརྗོད་བཞིན་འདུག

རྒྱ་ནག་གཞུང་གིས་ད་ཐེངས་ཙམ་མ་ཡིན་པར། ཁོར་ཡུག་གཙང་ཉར་དང་མེ་སྐྱོན་སྔོན་འགོག་སོགས་ལ་སྙད་བཏགས་ཏེ། བོད་མི་ཚོའི་ཡུལ་སྲོལ་རང་བཞིན་གྱི་དར་ལྕོག་འཐེན་པ་དང་། བསང་གསོལ་དང་མདའ་སྟོད་སོགས་ལ་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་པ་རེད་ལ། ཕྱི་ལོ་ ༢༠༢༢ ཟླ་ ༨ ཚེས ༢༤ ཉིན་རྒྱ་ནག་གཞུང་འབྲེལ་ཉེན་རྟོག་པས་བོད་སེར་རྟ་རྫོང་གི་ཁེས་སྐོར་ཡུལ་ཚོའི་ཨ་བོས་དཀྱིལ། རི་མགོ་སྡེ་པ་ནས་ཡིན་པའི་བོད་མི་ཕྱུག་དར་དང་། དགེ་ལོ། ཚེ་རྡོ། འབའ་མོ། ཀོ་རིས་བཅས་ཀྱིས་བསང་གསོལ་དང་ལབ་རྩེ་བསྟད་པ། ཞབས་རིམ་བསྒྲུབས་པ་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་འཇུག་པའི་ཉེས་མིང་འོག་འཛིན་བཟུང་བཙན་ཁྲིད་ཀྱིས་བོད་མི་ཕྱུག་དར་ལ་རྒྱ་གཞུང་ཉེན་རྟོག་པས་གཅར་རྡུང་དྲག་པོ་བཏང་སྟེ་དམར་གསོད་བཏང་བའི་གནས་ཚུལ་བྱུང་ཡོད་ལ། དེ་མིན་དགོན་སྡེ་ཁག་གི་མི་མང་ལ་ཆེད་དམིགས་ཀྱིས་ཞབས་རིམ་གྱི་བྱེད་སྒོར་དམ་དྲག་དང་། གཞུང་འབྲེལ་གྱི་ཆོག་མཆན་སྤྲོད་བཞིན་དུ་བོད་ཀྱི་བླ་ཆེན་ཁག་གི་དུས་འཁོར་དབང་ཆེན་ཐེངས་མང་བཀག་འགོག་བྱས་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་པ་རེད།

གསར་འགོད་པ། བདེ་ཆེན་དབང་མོ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎