གསུམ་བརྒྱད་མཆོད་འབུལ་སྨོན་ལམ་སྐབས་སྲིད་སྐྱོང་མཆོག་གིས་བཙན་བྱོལ་བོད་མི་ཚོས་བོད་ནང་གི་གནས་ཚུལ་རྣམས་དྲན་ཞིང་ལས་འགན་ངོ་ཤེས་པ་བྱེད་དགོས་ཞེས་གསུངས།

2025.03.08
གསུམ་བརྒྱད་མཆོད་འབུལ་སྨོན་ལམ་སྐབས་སྲིད་སྐྱོང་མཆོག་གིས་བཙན་བྱོལ་བོད་མི་ཚོས་བོད་ནང་གི་གནས་ཚུལ་རྣམས་དྲན་ཞིང་ལས་འགན་ངོ་ཤེས་པ་བྱེད་དགོས་ཞེས་གསུངས། གསུམ་བརྒྱད་མཆོད་འབུལ་སྨོན་ལམ་འཚོག་བཞིན་པ། ༢༠༢༥།༠༣།༠༨
RFA/Tenzin Lekmon

བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྒྲིག་ཞུས་པའི་གསུམ་བརྒྱད་མཆོད་འབུལ་སྨོན་ལམ་སྐབས་སྲིད་སྐྱོང་མཆོག་ནས་བཙན་བྱོལ་ནང་ཡོད་པའི་བོད་མི་ཚོས་གཞིས་ལུས་རྒྱ་ཆེའི་མི་མང་སེམས་ལ་དྲན་པའི་སྒོ་ནས་མི་རིགས་ཀྱི་ལས་འགན་སྒྲུབ་ཐབས་ལ་འབད་དགོས་པ་གསུངས།

བོད་ཀྱི་རྒྱལ་ས་ལྷ་སའི་ནང་སྤྱི་ལོ་ ༡༩༨༧ ནས་ ༨༩ བར་བོད་མི་ཚོས་རྒྱ་ནག་གི་བཙན་འཛུལ་དྲག་གནོན་ལ་ངོ་རྒོལ་ལས་འགུལ་རིམ་པར་སྤེལ་བར་བརྟེན་ནས། རྒྱ་ནག་གི་སྲིད་འཛིན་ཟུར་པ་ཧོས་ཅིན་ཐོའོ་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཡིན་སྐབས་ཏེ། སྤྱི་ལོ་ ༡༩༨༩ ལོར་བོད་ཀྱི་རྒྱལ་ས་ལྷ་སའི་ནང་རྒྱ་ནག་གཞུང་གིས་དྲག་པོའི་ཁྲིམས་གཞི་བསྡམས་ནས་བོད་མིའི་སྟེང་དྲག་གནོན་ཚབས་ཆེན་བྱས་ཡོད་པས། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་ལོ་རེ་འཆར་ཅན། སྤྱི་ཟླ་ ༣ པའི་ཚེས་ ༨ ཉིན་མོ་དེ་བཞིན་བོད་ནང་གི་བོད་མི་ཚོར་དམིགས་ཏེ་དུས་དྲན་མཆོད་འབུལ་གནང་ལམ་ཡོད་པ་བཞིན། འདི་ལོར་ཡང་སྤྱི་ཟླ་ ༣ པའི་ཚེས་ ༨ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགསབཀའ་བློན་རྣམ་པ། སྤྱི་འཐུས་རྒྱུན་ལས་རྣམ་པས་མཚོན། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་དང་གཞུང་ཞབས་སོགས་ཚང་འཛོམས་ཀྱི་སྟེང་། ཀིརྟིའི་བྱེས་པ་གྲྭ་ཚང་སོགས་བཞུགས་སྒར་ཉེ་འཁྲིས་ཀྱི་གྲྭ་བཙུན་སྔགས་གསུམ་དང་མི་མང་བཅས་ལྷན་འཛོམས་གནང་སྟེ། མཆོད་འབུལ་བསྔོ་སྨོན་རྒྱས་པ་ཞིག་གནང་བ་དང་འབྲེལ། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ནས། སྐབས་དེ་དུས་བོད་ནང་དྲག་པོའི་ཁྲིམས་གཞི་བསྡམས་པ་ང་ཚོ་བོད་མི་ཚང་མའི་སེམས་ལ་དྲན་དགོས་ཞིང་། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་དང་བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་པར་འབད་བརྩོན་ཇི་ལྟར་བྱེད་དགོས་མིན་ཐད། ད་ལྟ་བར་བོད་ནང་གི་བོད་མི་ཚོས་སྲོག་འབེན་ལ་བཙུགས་ནས་ཕྱག་ལས་གནང་བསྡད་ཡོད་ཅིང་། བཙན་བྱོལ་བོད་མི་ཚོས་བོད་ནང་གི་གནས་ཚུལ་རྣམས་དྲན་པའི་སྒོ་ནས་ང་ཚོའི་ལས་འགན་ངོ་ཤེས་པར་བྱེད་དགོས་ཞེས་གསལ་སྟོན་གནང་སོང་།

གཞན་ཡང་ཉེ་ལམ་ནས་ཨ་མི་རི་ཀ་གཞུང་གིས་རྒྱལ་སྤྱིའི་ཁྱོན་དུ་ཕྱི་ལ་རོགས་སྐྱོར་བྱེད་རྒྱུ་གནས་སྐབས་མཚམས་བཞག་སྟེ། ཟླ་བ་གསུམ་གྱི་རིང་བསྐྱར་ཞིབ་དང་དུས་ཡུན་དེའི་ནང་འགྲོ་སོང་བཏང་མི་ཆོག་པའི་བཀོད་རྒྱ་བཏང་ཡོད་ཅིང་། ལོ་བསྟར་ཆགས་སུ་ཨ་མི་རི་ཀ་གཞུང་གིས་བོད་མིའི་སྒྲིག་འཛུགས་དང་བོད་མིའི་སྤྱི་ཚོགས་སུ་རོགས་སྐྱོར་ཡོང་བསྡད་པ་ནི། བཙན་བྱོལ་བོད་མིའི་ནང་ཨ་སྒོར་ས་ཡ་ ༡༤ ཙམ་བཏང་བསྡད་ཡོད་ལ། ད་ལྟའི་བར་ཨ་མི་རི་ཀའི་གཞུང་གིས་བཀོད་ཁྱབ་བཏང་བའི་ནང་། བོད་མིའི་སྒྲིག་འཛུགས་ལ་བོད་ཀྱི་ཐེབས་རྩ་བརྒྱུད་ནས་ཨ་སྒོར་ས་ཡ་བདུན་རག་གི་ཡོད་པ་དེ་དང་། དེ་མིན་གྱི་ས་ཡ་གསུམ་ཅན་ཞིག་དང་ས་ཡ་གཉིས་ཅན་ཞིག་བཅས་རོགས་དངུལ་ཨ་སྒོར་ས་ཡ་བཅུ་གཉིས་འགག་ཡོད་པ་དང་། སྤྱི་ཟླ་ ༣ པའི་ཚེས་ ༧ ཉིན་གྱི་དགོང་མོ་བོད་མིའི་སྒྲིག་འཛུགས་ལ་ལན་གསར་དུ་འབྱོར་བའི་ནང་། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ཐད་ཀར་སྟངས་འཛིན་འོག་ཡོད་པའི་མི་འབོར་དང་སྐྱབས་བཅོལ་བ་རྒྱལ་ཁབ་གཞན་ནང་གཞིས་སྤོས་བྱེད་མཁན་གྱི་ལས་གཞི་དེར། ལོ་རེར་བལ་ཡུལ་དང་རྒྱ་གར་ནང་རོགས་དངུལ་ཨ་སྒོར་ས་ཡ་གཉིས་རེ་གནང་གི་ཡོད་པ་དེ་མུ་མཐུད་གནས་ཐུབ་པའི་བཀོད་ཁྱབ་འབྱོར་ཡོད་ཅེས། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ནས་འགྲེལ་བརྗོད་གནང་གི་འདུག

བོད་མིའི་སྒྲིག་འཛུགས་ལ་རོགས་དངུལ་མཚམས་འཇོག་གི་གནས་སྟངས་དེས། བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་ཀྱི་ལས་ཀར་དོ་ཕོག་འགྲོ་གི་ཡོད་ནའང་། སྤྱིར་བཏང་སྒྲིག་འཛུགས་དང་གང་ཟག་གཅིག་གི་མི་ཚེའི་ནང་བར་ཆད་དང་གདོང་ལེན་བྱེད་དགོས་པ་དེ་འདྲ་ཡོང་ངེས་ཡིན་པ་དང་། ད་ལྟ་བོད་མིའི་སྒྲིག་འཛུགས་ཀྱིས་གདོང་ལེན་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་ཡོད་ཀྱང་། རྔམ་སྐྲག་བྱེད་མི་དགོས་པར་བཀའ་ཤག་ནང་གོ་བསྡུར་གྱིས་ཐབས་ཤེས་རིམ་འཐོན་གྱི་འབད་བརྩོན་བྱས་བསྡད་ཡོད་སྐོར། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ནས་གསལ་འདེབས་གནང་གི་འདུག

གཞི་རྩའི་བོད་ཀྱི་རྒྱལ་ས་ལྷ་སར་སྤྱི་ལོ་ ༡༩༨༩ ལོར་ངོ་རྒོལ་ཤུགས་ཆེ་གནང་ཡོད་པ་དང་། སྤྱི་ལོ་༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོ་ནས་བཟུང་བའི་བོད་ནང་རང་ལུས་མེར་བསྲེག་གི་ལས་འགུལ་གྱིས་མཚོན། རྒྱ་ནག་གཞུང་ལ་བོད་མིས་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་རེད།།

གསར་འགོད་པ། བློ་བྷེ། 

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་། 

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎