ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནང་བོད་དོན་སྲིད་ཇུས་ཆེད་ཁྲིམས་འཆར་བཏོན་འདུག
2019.09.25

ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་ནང་ཨ་རིའི་༢༠༡༩་ལོའི་བོད་ཀྱི་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར་བཏོན་འདུག
ཕྱི་ཚེས་༢༤ཉིན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ལྷན་ཚོགས་ཀྱིས་གསལ་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་། གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་མར་ཁོ་རུ་བྷིའོ་(Marco Rubio)་མཆོག་གིས། ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀྱི་འཐུས་མི་ཁག་གཅིག་གིས་རྒྱབ་སྐྱོར་ཡོད་པའི་ཨ་རིའི་༢༠༡༩་ལོའི་བོད་ཀྱི་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར་(Tibet Policy and Support Act of 2019)་ཨང་ (H.R.4331 / S. 2539)་པ་གྲོས་ཚོགས་གོང་མའི་ནང་ཁོང་གིས་སྤོབས་པའི་ངང་ནས་བཏོན་གནང་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་མིའི་ཐོག་སྡུག་སྦྱོང་མནར་གཅོད་གཏོང་བཞིན་པ་དེ་མུ་མཐུད་དུ་ཐེར་འདོན་གྱིས་བོད་ཕྱི་ནང་གཉིས་ཀྱི་བོད་མིའི་ཆོས་དང་། རིག་གཞུང་། སྐད་ཡིག་བཅས་སྲུང་སྐྱོབ་ཀྱི་ཆེད་དུ་ཐབས་ཇུས་གསར་པ་འཚོལ་དགོས་ཀྱི་རེད་ཅེས་གསུང་ཡོད་འདུག
ཉེ་ལམ་ཕྱི་ཚེས་༡༣་ཉིན། ཨ་མི་རི་ཀའི་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་ཆེ་མཐོའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་(Jim McGovern)་མཆོག་གིས། ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་དོན་ཁྲིམས་ཡིག་བསྐྱར་བཅོས་ཀྱི་ཁྲིམས་འཆར་དེ་བཏོན་གནང་ཡོད་པ་རེད།
ཁྲིམས་འཆར་གྱི་ནང་དོན་དོན་ཚན་བརྒྱད་བཀོད་པའི་ནང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་དབུས་པའི་བོད་ཀྱི་བླ་སྤྲུལ་རྣམ་པའི་ཡང་སྲིད་ཀྱི་གནད་དོན་དེ་ཆོས་ལུགས་ཀྱི་གནད་དོན་ཞིག་ཡིན་སྟབས། བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་སྲོལ་རྒྱུན་བཞིན་ལག་བསྟར་བྱ་དགོས་པ་དང་། གལ་སྲིད་ཡང་སྲིད་ངོས་འཛིན་ཞུ་བའི་རྒྱུད་རིམ་ཁྲོད་རྒྱ་ནག་གཞུང་དང་དཔོན་རིགས་ནས་ཐེ་བྱུས་བྱས་ཚེ་ཨ་རིའི་གཞུང་གིས་དེའི་ཐོག་དཔལ་འབྱོར་དང་། ཚོང་དོན། ཐོངས་མཆན་(visa)་སོགས་བཀག་སྡོམ་གྱི་ཉེས་ཆད་གཅོད་རྒྱུ། ཨ་རིའི་ཕྱི་སྲིད་ལས་ཁང་གི་བོད་དོན་འབྲེལ་མཐུད་པའི་ལས་འགན་ནུས་བ་ཆེ་རུ་བཏང་ནས་འཛམ་གླིང་ཡུལ་གྲུ་གཞན་དང་འབྲེལ་ལམ་བྱེད་པ་སོགས་ཀྱི་ཐབས་ལམ་བརྒྱུད་ནས་བོད་ཀྱི་དབུ་ཁྲིད་དང་། རྒྱ་ནག་གི་དཔོན་རིགས་དབར་གྲོས་མོལ་སླར་གསོ་ཡོང་ཐབས་བྱ་རྒྱུ། ཨ་རིའི་ཕྱི་སྲིད་དང་ཚོང་དོན་ལས་ཁང་གིས་བོད་ནང་ལས་གཉེར་བྱེད་མཁན་གྱི་ཨ་རིའི་ཚོང་དོན་ཁང་ཚོས་བོད་མིའི་རིག་གཞུང་ལ་སྲུང་བརྩི་དང་ཁོར་ཡུག་ལ་སྲུང་སྐྱོབ་བྱ་དགོས་པའི་བཀའ་གཏོང་རྒྱུ། དེ་བཞིན་བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཨ་རིའི་གཞུང་ཚབ་ཡན་ལག་་ལས་ཁང་གསར་འཛུགས་མ་ཐུབ་བར་ཨ་རིའི་ནང་རྒྱ་ནག་གི་གཞུང་ཚབ་ཡན་ལག་ལས་ཁང་གསར་བཙུགས་བྱ་འཇུག་རྒྱུ་མིན་པ། ཨ་རིའི་ཕྱི་སྲིད་ལས་ཁང་གིས་རྒྱལ་ཁབ་གཞན་དང་མཉམ་དུ་བོད་ཀྱི་ཁོར་ཡུག་དང་རང་བྱུང་སྐྱེ་དངོས་སོགས་ལ་སྲུང་སྐྱོབ་ཀྱི་ལས་དོན་སྤེལ་རྒྱུ། བཙན་བྱོལ་བོད་མིའི་དམངས་གཙོའི་ལམ་ལུགས་ལ་རྒྱབ་སྐྱོར་གྱིས་མུ་མཐུད་ནས་བཙན་བྱོལ་སྤྱི་ཚོགས་ལ་ཨ་རི་གཞུང་གིས་དཔལ་འབྱོར་རོགས་རམ་གནང་རྒྱུ་སོགས་ནང་དོན་བཀོད་ཡོད་པ་རེད།
ཁྲིམས་འཆར་དེ་བཞིན་གྲོས་ཚོགས་གི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་དང་། ཁྲིམས་དོན་ཚོགས་ཆུང་བཅས་བརྒྱུད་རིམ་བཞིན་གྲོས་ཚོགས་འོག་མ་དང་། དེ་ནས་གྲོས་ཚོགས་གོང་མ་བཅས་ནང་འོས་འཕེན་གྱི་ལམ་ནས་མཐར་ཨ་རིའི་སྲིད་འཛིན་གྱིས་མཚན་རྟགས་བཀོད་རྗེས་གཞི་ནས་ཨ་ཪིའི་གཞུང་གིས་ལག་བསྟར་དགོས་པའི་ཁྲིམས་ཤིག་ཆགས་ཀྱི་ཡོད་པ་རེད།