བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་ཡིག་ལ་ཨ་མི་རི་ཀའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་དགའ་བསུ་ཞུས་གནང་འདུག
2020.01.30

ཕྱི་ཟླ་ ༡ ཚེས་ ༣༠ཉིན་ཨ་མི་རི་ཀའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་ཡོངས་ཁྱབ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ལྷན་ཚོགས་དེའི་འགན་འཛིན་ཚོགས་མི་ Gary Bauer ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་འདི་འཛམ་གླིང་ཕྱི་ཕྱོགས་དང་འབྲེལ་བ་བཅད་ཐབས་བྱེད་ཀྱི་ཡོད་ཀྱང་། ཨ་མི་རི་ཀའི་གྲོས་ཚོགས་འོག་མས་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་ཡིག་ལ་རྒྱབ་སྐྱོར་ཞུས་པ་འདིས། ཨ་རིས་བོད་མི་མང་གི་ཚབ་བྱེད་དེ་འཐབ་རྩོད་གནང་རྒྱུའི་འདུན་པ་མུ་འཐུད་གནས་ཡོད་པ་འདི་གསལ་པོ་གསལ་རྐྱང་སྟོན་པ་རེད་ཅེས་གསུངས་ཡོད་པ་རེད། ཁོང་གིས་ད་དུང་། ཁྲིམས་ཡིག་འདི་ལ་གྲོས་ཚོགས་གོང་མས་ཀྱང་ལས་སླ་པོའི་ངང་རྒྱབ་སྐྱོར་གཏན་འབེབས་གནང་སྟེ། སྲིད་འཛིན་མཆོག་གིས་མཚན་རྟགས་བཀོད་དེ་ཨ་མི་རི་ཀའི་སྲིད་གཞུང་ཀྱིས་ཁྲིམས་ཡིག་འབྲུ་དོན་ཡོངས་སུ་ནུས་ལྡན་ངང་ཕྱག་ལེན་དུ་འཁེལ་དགོས་པའི་འབོད་སྐུལ་ཞུ་གི་ཡོད་ཅེས་གསུངས་ཡོད་པ་རེད།
ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་རྒྱ་ནག་གནས་དོན་དབྱེ་ཞིབ་པ་འབུམ་རམས་པ་ Dominic J. Nardi ལགས་ཀྱིས་ཁྲིམས་ཡིག་འདི་ནི་བོད་མི་ཚོར་ཨ་མི་རི་ཀའི་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་མཚོན་པའི་གནད་དགག་ཅན་གྱི་ཆབ་སྲིད་ཀྱི་ལངས་ཕྱོགས་ཤིག་ཆགས་པ་དང་། ཁྲིམས་ཡིག་འདིས་རྒྱ་ནག་གཞུང་གིས་གལ་ཏེ་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་༧སྐུའི་ཡང་སྲིད་ངོས་འཛིན་ཞུ་བའི་བརྒྱུད་རིམ་ཁྲོད་ཐེ་བྱུས་བྱེད་ཚེ། ཨ་རིའི་གཞུང་གིས་དེའི་ཐོག་དཔལ་འབྱོར་དང་། ཚོང་དོན། ཐོངས་མཆན་ (visa) སོགས་བཀག་སྡོམ་གྱི་ཉེས་ཆད་གཅོད་རྒྱུའི་བདག་དབང་སྤྲོད་ཀྱི་ཡོད་རེད་ཅེས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་འགྲེལ་བརྗོད་གནང་ཡོད་པ་རེད།
ཡང་ཨ་མི་རི་ཀའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་འགན་འཛིན་ཚོགས་མི་འབུམ་རམས་པ་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཁྲིམས་ཡིག་འདོན་གནང་མཁན་དང་རྒྱབ་སྐྱོར་གནང་མཁན་ཡོངས་ལ་ཐུགས་རྗེ་ལེགས་བསུ་ཞུས་འདུག དེ་ཡང་ཁོང་གིས་གསུངས་དོན། ང་ཚོས་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ཇིམ་མེཀ་གྷཝརྞ་དང་གྲོས་ཚོགས་གོང་མའི་འཐུས་མི་མརྐོ་རུ་སྦི་ཡོ་རྣམ་གཉིས་ཀྱིས་གྲོས་ཚོགས་སུ་ཁྲིམས་གཞི་འདི་འདྲ་ཞིག་བསྣམས་པའི་གཟེངས་ཐོན་ཀྱི་ཐུགས་འཁུར་བཞེས་པ་དང་། ཁྲིམས་ཡིག་འདིའི་ཐོག་འོས་བསྡུ་གནང་སྐབས་གྲོས་ཚོགས་གྱི་ཚོགས་རྭའི་སར་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་མཆོག་གིས་གསུང་བཤད་ཤུགས་དྲག་གནང་བ་དང་། དེ་མཚུངས་ཀྱིས་གྲོས་ཚོགས་འཐུས་མི་ཡོངས་ཀྱི་ཁྲིམས་འཆར་འདིར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག