བལ་ཡུལ་གྱི་རྒྱལ་སར་རྒྱལ་སྤྱིའི་ཚད་གཞི་དང་མཉམ་པའི་གསོལ་མགྲོན་ཁང་ཞིག་དབུ་འབྱེད་གནང་འདུག

2023.07.19
བལ་ཡུལ་གྱི་རྒྱལ་སར་རྒྱལ་སྤྱིའི་ཚད་གཞི་དང་མཉམ་པའི་གསོལ་མགྲོན་ཁང་ཞིག་དབུ་འབྱེད་གནང་འདུག བལ་ཡུལ་གྱི་རྒྱལ་ས་ཀཐ་མན་ཀྲུའི་(Dusit Princess)་གསོལ་མགྲོན་ཁང་།
@Dusit Princess Kathmandu/FB

དེ་ཡང་བལ་ཡུལ་གྱི་གསར་ལམ་ཆེ་ཁག་(The Kathmandu Post) དང་། ཧི་མ་ལ་ཡའི་དུས་བབ་(Himalaya Times) ལ་སོགས་པས་གནས་ཚུལ་སྤེལ་དོན་ལྟར་ན། ཐེ་ལེན་ཌིའི་མགྲོན་ཁང་དང་ས་ཁང་ཡར་རྒྱས་གོང་འཕེལ་གཏོང་མཁན་གྱི་ཁེ་གཉེར་ལས་ཁང་ཆེ་གྲས་ཤིག་ཡིན་པ་(Dusit) རྒྱལ་སྤྱིའི་མིང་ཐོག་འོག འདི་ཚེས་༡༧གཟའ་ཟླ་བའི་ཉིན་བལ་ཡུལ་གྱི་རྒྱལ་ས་ཀཐ་མན་ཀྲུའི་(Lazimpat) ཞེས་པའི་ས་གནས་སུ་(Dusit Princess Kathmandu) ཞེས་པའི་ཚད་མཐོའི་གསོལ་མགྲོན་ཁང་དང་སྤྲོ་སྐྱིད་ཁང་དེ་དབུ་འབྱེད་གནང་བ་དང་། དེ་ནི་གཙོ་བོ་ཚོང་པ་དང་ཡུལ་སྐོར་སྤྲོ་འཆམ་པ་ཚོར་དམིགས་ནས་འཛུགས་བསྐྲུན་གནང་པ་ཞིག་ཡིན་འདུག
དེའི་ནང་ཁང་མིག་༡༠༧་དང་རྒྱས་སྤྲོས་ཆེ་བའི་བཞུགས་ཡུལ(Presidential Suite) ཁང་མིག་ཆ་ཚང་གཅིག་ཀྱང་ཡོད་འདུག མགྲོན་ཁང་དེའི་རྩེ་ཐོག་ལ་(Kibu Sky lounge) ཞེས་ངལ་གསོ་ཁང་ཞིག་ཡོད་པ་དེ་ནས་རྒྱལ་ས་ཀཐ་མན་ཀྲུའུ་ཡོངས་སུ་མཐོང་ཐུབ་པ་དང་། མི་གྲངས་༢༥༠་ཤོང་བའི་ཚོགས་ཁང་བཅས་ཡོད་འདུག
dusit2.jpg
མགྲོན་ཁང་དེའི་སྦྱིན་བདག་དང་གཙོ་འཛིན་བསྟན་འཛིན་བཟོད་པ་ལགས་ཀྱིས། ང་ཚོས་སྐུ་མགྲོན་ཚང་མ་འཛམ་གླིང་གི་ཡང་རྩེ་དང་གངས་རི་ཇོ་མོ་གླང་མ། སྟོན་པ་སངས་རྒྱས་བཅོམ་འདས་སྐུ་བལྟམས་སའི་གནས་ཡུལ་ལ་ཕེབས་པར་དགའ་བསུ་ཞུ་རྒྱུ་ཡིན། མགྲོན་ཁང་དེ་ནི་མཛེས་སྡུག་ལྡན་པའི་བལ་ཡུལ་གྱི་ཡུལ་ལྗོངས་དང་བལ་ཡུལ་གྱི་གནའ་བོའི་རིག་གཞུང་གིས་ཕྱུག་པའི་གྲོང་ཁྱེར་དབུས་སུ་ཡོད་སྟབས། མགྲོན་ཁང་དེར་བཞུགས་མཁན་ཡོངས་ལ་ལོ་མང་རྗེས་སུ་དྲན་པའི་བག་ཆགས་འཇོག་རྒྱུ་ཡིན་ལུགས་གསུངས་འདུག
dusit3.jpg
དེ་བཞིན་མགྲོན་ཁང་དེའི་འགན་འཛིན་དང་སྦྱིན་བདག་གཞོན་པ་རྡོ་རྗེ་རྒྱལ་མཚན་ལགས་ཀྱིས། (Dusit Princess Kathmandu) ཞེས་པའི་མགྲོན་ཁང་དེ་ད་ལོ་སྒོ་ཕྱེ་ཐུབ་པར་དགའ་ཚོར་ཆེན་པོ་བྱུང་ལུགས་དང་། ད་ཆ་བལ་ཡུལ་ནང་ཡུལ་སྐོར་སྤྲོ་འཆམ་པ་ཇེ་མང་དུ་འགྲོ་བཞིན་པ་དང་བསྟུན་ནས་བལ་ཡུལ་ནང་ཡུལ་སྐོར་སྤྲོ་འཆམ་པའི་ལས་དོན་རྒྱ་བསྐྱེད་གནང་རྒྱུ་དང་། ས་གནས་མི་མང་རྣམས་ལ་ལས་ཀའི་གོ་སྐབས་སོགས་གསར་བསྐྲུན་བྱེད་རྒྱུ་ཡིན་པ་དབུ་འབྱེད་མཛད་སྒོའི་ཐོག་གཏམ་བཤད་གནང་སྐབས་གསུང་འདུག
གོང་ཞུས་གསོལ་མགྲོན་ཁང་གསར་པ་དེའི་སྦྱིན་བདག་ཁྱིམ་ཚང་གིས་བལ་ཡུལ་གྱི་མཆོད་རྟེན་བྱ་རུང་ཁ་ཤོར་ཆེན་མོའི་ཉེ་འགྲམ་དུ་རྒྱལ་སྤྱིའི་བོད་ཀྱི་གསོལ་མགྲོན་ཁང་(Hotel Tibet International) དང་། (Lazimpat) རུ་བོད་ཀྱི་གསོལ་མགྲོན་ཁང་(Hotel Tibet) ཞེས་བོད་པའི་བཟོ་བཀོད་དང་སྒྲིག་བཤོམ་ཁྱད་ཆོས་ལྡན་པའི་མགྲོན་ཁང་གཉིས་ལོ་མང་གོང་ནས་བདག་གཉེར་གནང་མུས་ཡིན་པ་རེད།

གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎