བོད་ཀྱི་རི་མོ་སྒྱུ་རྩལ་བ་བསྟན་འཛིན་རིག་གྲོལ་ལགས་ཀྱི་སྒྱུ་རྩལ་རི་མོ་ནིའུ་ཡོག་གྲོང་ཁྱེར་ནང་གྲགས་ཅན་འགྲེམས་སྟོན་ཁང་ཞིག་གི་ནང་འགྲེམས་སྟོན་གནང་བཞིན་འདུག

བོད་ཀྱི་རི་མོ་སྒྱུ་རྩལ་བ་བསྟན་འཛིན་རིག་གྲོལ་ལགས་ཀྱིས་བྲིས་པའི་རི་མོ་ཁག་༢༡་ཕྱི་ཟླ་༩་པའི་ཚེས་༡༩ནས་བཟུང་འབྱུང་འགྱུར་ལོ་རྗེས་མའི་ཕྱི་ཟླ་དང་བོའི་ཚེས་༡༤བར་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་ཡོད་པའི་སྐད་གྲགས་ཆེ་བའི་(Metroplitan Museum)་སྒྱུ་རྩལ་འགྲེམས་སྟོན་ཁང་དུ་འགྲེམས་སྟོན་བྱེད་འགོ་ཚུགས་ཡོད་པ་དང་། ཁོང་གི་རི་མོ་དེ་དག་ད་ལྟའི་ཁོར་ཡུག་དང་ཆབ་སྲིད་སོགས་ཀྱི་གནས་སྟངས་བརྗོད་གཞི་གཙོ་བོར་བཟུང་ནས་འདས་པའི་ལོ་ངོ་ལྔའི་རིང་བྲིས་ནས་ལེགས་འགྲུབ་བྱུང་ཡོད་པ་དང་། རི་མོ་དེ་དག་དཀྱིལ་འཁོར་གྱི་རྣམ་པའི་སྒོ་ནས་འགྲེམས་སྟོན་བྱེད་བཞིན་ཡོད་པ་རེད།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བསྟན་འཛིན་རིག་གྲོལ་ལགས་སུ་བཅར་འདྲི་ཞུས་བར། ཁོང་གིས་འདས་པའི་ལོ་ངོ་ལྔའི་རིང་ལ་བྲིས་པའི་རི་མོ་ཁག་ཉེར་གཅིག་ཡོད་པ་དང་། རི་མོ་དེ་དག་ལྷན་གཅིག་ཏུ་བསྒྲིགས་ནས་གྱང་ངོས་སུ་བཤམས་ཆོག་པ་དང་། ཡང་ཟུར་དུ་སྲོལ་རྒྱུན་གྱི་རི་མོ་ཁག་ཅིག་བཞག་ནས་དཀྱུས་ལ་དཀྱིལ་འཁོར་གྱི་རྣམ་པ་དང་། རི་མོའི་ནང་དོན་གྱི་ཆ་ནས་ད་ལྟའི་ཁོར་ཡུག་དང་། ད་ལྟའི་གནས་སྟངས་སོགས་བསམ་བློ་གཞིར་བཞག་ནས་བྲིས་ཡོད་པས། འགྲེམས་སྟོན་འདི་ལ་བསམ་བློའི་རྣམ་ཐར་ཞེས་བཏགས་ཡོད་པ་དང་། རི་མོ་འདི་གྱང་ངོས་སུ་བཀོད་པ་མ་ཟད། གདན་ཐོག་ལ་ཡང་རི་མོ་བྲིས་ཡོད་པས་རྣམ་པ་མ་འདྲ་ཞིག་ཡོད་པ་སོགས་འགྲེལ་བརྗོད་གནང་སོང་།
ཡང་ཁོང་གིས་འགྲེམས་སྟོན་ཁང་འདི་ལ་ལོ་རེ་བཞིན་ལྟ་སྐོར་བྱེད་མཁན་མི་གྲངས་ས་ཡ་བདུན་ཕེབས་ཀྱི་ཡོད་པ་གོ་ཐོས་བྱུང་བ་ལྟར། ཁོང་གིས་བྲིས་པའི་རི་མོ་དག་གི་ནང་བོད་པ་དང་བོད་པའི་གནས་སྟངས་དང་འདྲ་བའི་གནས་སྟངས་འདྲ་མིན་རི་མོར་བྲིས་ཡོད་པའི་ནང་སྤྱི་ནོར་༧གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མཆོག་དང་། བོད་ཀྱི་རྒྱལ་དར་སོགས་བྲིས་ཡོད་པ་བཞིན་བལྟ་མཁན་ཚོས་བོད་ལ་དོ་སྣང་ཡོང་རྒྱུ་དང་། བོད་ཀྱི་སྐོར་ཤེས་རྟོགས་ཡོང་བར་ཕན་ཐོགས་ཆེན་པོ་ཡོང་ངེས་རེད། འགྲེམས་སྟོན་ཁང་འདིའི་ནང་དུ་བོད་པའི་རི་མོ་སྒྱུ་རྩལ་བ་ཞིག་གིས་བྲིས་པའི་རི་མོ་འགྲེམས་སྟོན་བྱས་པ་འདི་ཐོག་མ་ཆགས་ཡོད་པ་འགྲེལ་བརྗོད་གནང་བྱུང་།
མེ་ཊོ་རོ་པོ་ལི་ཊན་སྒྱུ་རྩལ་འགྲེམས་སྟོན་ཁང་གིས་དྲ་ཐོག་ཏུ་འཁོད་པའི་གནས་ཚུལ་ནང་། དཀྱིལ་འཁོར་དང་། བོད་བརྒྱུད་ནང་པའི་སྒྱུ་རྩལ་གཞལ་བ་ཞེས་པའི་འགྲེམས་སྟོན་འདིའི་ཁོངས་སུ་ཧི་མ་ལ་ཡའི་ནང་པའི་སྒྱུ་རྩལ་གྱི་འདྲ་གཟུགས་སྣ་ཚོགས་ཤིག་གོ་སྒྲིག་ཞུས་པའི་ནང་། གཙོ་བོ་དུས་རབས་༡༡ནས་༡༥ བར་གྱི་རི་མོ་དང་། འབུར་བསྐོས། འཐག་གོས། ན་བཟའ། མཚོན་ཆ། རོལ་ཆ། དེ་བཞིན་ཆོ་ག་ཕྱག་ལེན་གྱི་ཡོ་བྱད་སྣ་ཚོགས་བཅས་ཁྱོན་བསྡོམས་ཅ་དངོས་༡༠༠ལྷག་འགྲེམས་སྟོན་བྱ་རྒྱུ་ཡིན་པ་འཁོད་འདུག་ལ། འགྲེམས་སྟོན་གྱི་གཙོ་གནད་དུ་གྱུར་པའི་སྔ་མོའི་རི་མོ་ཁྱད་དུ་འཕགས་པ་དེ་དག་དང་མཉམ་དུ་བོད་རིགས་སྒྱུ་རྩལ་བ་བསྟན་འཛིན་རིག་གྲོལ་གྱིས་འགྲེམས་སྟོན་འདིའི་ཆེད་དུ་དམིགས་ནས་གསར་སྐྲུན་བྱས་པའི་དེང་རབས་ཀྱི་སྒྱུ་རྩལ་བརྩམས་ཆོས་ཤིག་ཀྱང་འགྲེམས་སྟོན་ཁང་གི་རོ་བྷར་ཊི་ལེ་མན་(Robert Lehman wing)་ཡན་ལག་ཁང་གི་སྒོ་ཁར་མཉམ་དུ་བཞག་ཡོད་པ་དང་། འགྲེམས་སྟོན་གྱི་ལྟེ་བར་བསྟན་འཛིན་རིག་གྲོལ་ལགས་ཀྱིས་བཟོས་པའི་དེང་རབས་ཀྱི་དཀྱིལ་འཁོར་དེས་དེང་སང་གི་འཇིག་རྟེན་གྱི་སེམས་ཁྲལ་འགའ་མཚོན་གྱི་ཡོད་པ་སྟེ། གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་གནད་དོན་དང་། སྒེར་སོ་སོའི་སྤྱི་ཚོགས་ཀྱི་འགན་འཁྲི་བཅས་གླེང་གི་ཡོད་ཅེས་འཁོད་འདུག དེ་བཞིན་འགྲེམས་སྟོན་ཁང་འདིར་འགྲེམས་སྟོན་བྱ་རྒྱུའི་བརྩམས་ཆོས་གལ་ཆེན་ཁག་གི་ཁྲོད་དུ་བོད་ནས་གཡར་བའི་ཧ་ཅང་རྙིང་བ་ཡིན་པའི་དཀྱིལ་འཁོར་གཉིས་དང་། དུས་རབས་༡༢་དང་༡༥ སྐབས་ཀྱི་དགོན་པའི་ཐང་ག་ཁག་ཅིག་དང་། དུས་ཆེན་སྐབས་སུ་བེད་སྤྱོད་བྱེད་པའི་རོལ་ཆ་དང་གར་ཆས་ཁག་ཅིག་འགྲེམ་སྟོན་བྱེད་རྒྱུ་ཡིན་པ་འགྲེམས་སྟོན་ཁང་གིས་བསྒྲགས་འདུག
གསར་འགོད་པ། བློ་བཟང་ཆོས་འཕེལ།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།