མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་ལ་བོད་དོན་ཞུ་གཏུགས།
2018.10.30
༄༅།བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་རྟེན་གཞི་གནང་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་ཁག་གི་གཞུང་ཚབ་ཁག་ལ་ཆེད་བཅར་གྱིས་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་བ་དེ་བཞིན་ད་རིང་ལམ་ལྷོང་ལྡན་པའི་སྒོ་ནས་རེ་ཞིག་མཇུག་བསྡོམས་གནང་འདུག བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་བརྒྱུད་ནས་གནས་ཚུལ་སྤེལ་དོན་ལྟར་ན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་རྒྱ་ནག་ཐོག་དུས་བཀག་བསྐྱར་ཞིབ་བྱེད་ལ་ཉེ་བ་དང་བསྟུན་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེའི་མཚན་མཉམ་ཤར་གླིང་ཟླ་སྒྲོན་ལགས་ཀྱིས་སྣེ་འཁྲིད་དེ་རྒྱལ་ས་ལྡི་ལིར་བཅའ་བཞུགས་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་ཚེ་རིང་དོན་གྲུབ་ལགས་དང་བོད་མིའི་སྒྲིག་འཛུགས་ཀྱི་མཉམ་འབྲེལ་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འབྲེལ་འཐུད་པ་གདུག་ལྡན་སྐྱིད་ལགས་དང་འཕྲིན་ལས་སྐྱིད་བཅས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་གིས་རྒྱལ་ས་ལྡི་ལིའི་ནང་ཡོད་པའི་ནིའུ་ཛི་ལེན་གྲ་ New Zealand དང་ཕ་རན་སི་ France ཇར་མ་ནི་ Germany ་ཁེ་ན་གྲ་ Canada སུས་ཛར་ལེན་གྲ་ Switzerland བཅས་ཀྱིས་གཞུང་ཚབ་ཁག་མཇལ་འཕྲད་ཞུས་ནས་བོད་དོན་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་འདུག བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་དེ་ནི་འདི་ཟླའི་ཚེས་༢༥ཉིན་དབུ་འཛུགས་གནང་ཡོད་ཅིང་། དེའི་
དམིགས་ཡུལ་དང་པོ་དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་རྒྱ་ནག་ཐོག་བསྐྱར་ཞིབ་བྱེད་སྐབས་བོད་ཀྱི་གནད་དོན་དེ་བཞིན་གྲོས་གཞི་གལ་ཆེ་ཤོས་ཨང་དང་པོར་གནས་རྒྱུ་ངེས་བརྟན་བཟོ་རྒྱུ་དང་ཚོགས་མིའི་རྒྱལ་ཁབ་ཁག་གིས་རྒྱ་ནག་དང་འབྲེལ་བ་གནང་སྟེ་རྒྱ་ནག་དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལམ་ལུགས་འོག་འགན་འཁྲིད་ཡོད་པའི་རྒྱལ་ཁབ་གཅིག་བཟོ་རྒྱུ་སོགས་འདུག བོད་དོན་ཞུ་གཏུགས་གནང་མཁན་རྣམས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་རྒྱ་ནག་ཐོག་དུས་བཀག་བསྐྱར་ཞིབ་གནང་སྐབས་བོད་མིའི་སྨྲ་བརྗོད་རང་དབང་དང་། འགྲུལ་བསྐྱོད་རང་དབང་། དེ་བཞིན་ཆོས་དད་རང་དབང་གཙོས་པའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་ལ་རྒྱ་ནག་གིས་གུས་བརྩི་ཞུ་དགོས་པ་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་བོད་མི་རྣམས་ལ་དགྲ་ལན་སློག་རྒྱུ་མཚམས་འཇོག་དགོས་པ། བོད་ནང་རང་ལུས་མེར་བསྲེགས་གཏོང་དགོས་པའི་རྐྱེན་རྩ་ཁག་སེལ་ཐབས་དང་། མ་འོངས་པར་དཀའ་རྙོག་མི་ཡོང་བའི་སླད་དུ་ས་གནས་བོད་མིའི་སྤྱི་ཚོགས་མཉམ་དུ་རྒྱ་གཞུང་གིས་ལས་ཀ་བྱེད་དགོས་པ། བོད་མི་བྲོག་པ་རྣམས་རང་ས་ནས་ཕྱིར་འབུད་གཏོང་བཞིན་པ་ཁག་མཚམས་འཇོག་དགོས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་འཐུས་མི་དང་རང་དབང་ཅན་གྱི་མཁས་པ་དང་གསར་འགོད་པ་ཁག་དམ་བསྒྲགས་གང་ཡང་མེད་པར་བོད་ནང་འགྲོ་བསྐྱོད་ཆོག་པ་བཅས་གླེང་དགོས་པའི་འབོད་སྐུལ་གནང་འདུག ཁོང་རྣམས་མཇལ་འཕྲད་གནང་མཁན་གཞུང་ཚབ་ཁག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཐུགས་འཚབ་ཡོད་པ་དང་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་གཞིའི་སྲིད་ཇུས་འཛིན་བཞིན་པ་ཁག་ལ་རྟོགས་ཞིབ་གནང་སྟེ་བོད་དོན་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་འདུག མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་རྒྱ་ནག་ཐོག་དུས་བཀག་བསྐྱར་ཞིབ་དེ་བཞིན་ཟླ་བ་རྗེས་མའི་ཚེས༦ཉིན་གནང་འཆར་ཡོད་པ་རེད།
གསར་འགོད་པ་སེངྒེ་རི་བསོད་ནམས་ལྷ་མོ།