ཨ་རིའི་མི་སེར་བོད་མི་ཚོས་ཨ་རིའི་གྲོས་ཚོགས་ལ་བོད་དོན་ཞུ་གཏུགས།
2015.03.04
ཨ་མི་རི་ཀའི་མངའ་སྡེ་ཁག་གི་བོད་མི་ཨ་རིའི་མི་སེར་ཚོས་ཨ་རིའི་རྒྱལ་སར་བོད་དོན་ཞུ་གཏུགས་ཐེངས་བདུན་པ་གནང་འདུག
དེ་ཡང་འདི་ག་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིན་ཀྲོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གོ་སྒྲིག་འོག་ཕྱི་ཟླ་༣་ཚེས་༢ནས་༣བར་གྱི་ཉིན་གྲངས་གཉིས་རིང་། ཨ་མི་རི་ཀའི་གྲོས་ཚོགས་ནང་བོད་དོན་ཐད་རྒྱབ་སྐྱོར་སྔར་ལས་ལྷག་པ་ཡོང་བའི་ཆེད་ཨ་མི་རི་ཀའི་རྒྱལ་སར་བོད་མི་ཨ་རིའི་མི་སེར་ཚོས་རང་སོ་སོའི་གནས་སྡོད་བྱེད་སའི་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མིར་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་ཡོད་པ་རེད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལས་བྱེད་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས་གསུངས་དོན། འདི་ལོའི་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་སྐབས་གཙོ་བོ་ཨ་མི་རི་ཀ་གཞུང་གིས་བོད་ཐོག་དཔལ་འབྱོར་གྱི་རྒྱབ་སྐྱོར་གནང་བཞིན་པ་མུ་མཐུད་གནང་རོགས་ཞུ་རྒྱུ་དང་། བོད་ནང་གི་ཛ་དྲག་གི་གནས་སྟངས་ཁག་ངོ་སྤྲོད་དང་ཆབ་སྲིད་བཙོན་པ་ཚོ་གློད་དཀྲོལ་ཡོང་ཐབས་ལ་རོགས་རམ། རྒྱལ་སྤྱིའི་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྕིས་མེད་རྡོག་རོལ་གྱི་བྱ་སྤྱོད་སྤེལ་མཁན་ནག་ཉེས་ཅན་གྱི་མི་སྣ་ཚོ་ཨ་རིའི་ནང་ཡོང་རྒྱུར་བཀག་སྡོམ་གནང་རྒྱུའི་ཐོག་འབོད་སྐུལ། རྒྱ་ནག་དང་ཨ་རི་བར་ཕར་ཚུར་འགྲོ་འོང་ཆ་སྙོམས་དགོས་པའི་གྲོས་འཆར་ཁག་ལ་བོད་མི་ཨ་རིའི་མི་སེར་ཚོས་རྒྱབ་སྐྱོར་ཀྱི་རྣམ་པ་བསྟན་པ་བཅས་བྱས་ནས་ཞུ་གཏུགས་དང་ཨ་རིའི་ཕྱི་སྲིད་ལས་ཁང་ལ་འབོད་སྐུལ་ཞུས་ཡོད་པ་རེད། བོད་མི་ཚོའི་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་དེ་ནི་ཞུ་གཏུགས་པ་ཚོས་རང་རང་སོ་སོས་འགྲོ་སོང་བཏང་ནས་མཉམ་ཞུགས་གནང་བཞིན་པ་ནི་ཚོགས་སྡེ་གཞན་གྱི་ཞུ་གཏུགས་དང་མ་འདྲ་བ་ཞིག་ཡིན་འདུག
ད་ཐེངས་ཨ་རིའི་རྒྱལ་སར་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་བ་ཐེངས་བདུན་པ་ཡིན་པ་དང་། དེའི་ཐོག་ཨ་མི་རི་ཀའི་མངའ་སྡེ་ཁག་མང་པོ་ནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཨ་རིའི་མི་སེར་རྒན་གཞོན་མི་གྲངས་༨༠་ལྷག་ཙམ་མཉམ་ཞུགས་གནང་ཡོད་པ་དང་། བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་དེ་ལོ་རེ་བཞིན་རྒྱ་ཆེ་རུ་འགྲོ་བཞིན་པ་མ་ཟད་། ཕྱི་ལོ་༢༠༠༩ལོར་འགོ་བཙུགས་ཀྱིས་བསྟུན་མར་ལོ་བདུན་རིང་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་གནང་བ་དེར་བོད་དོན་རྒྱབ་སྐྱོར་བ་དང་། ལྷག་པར་གྲོས་ཚོགས་ཀྱི་འཐུས་མི་ཚོས་ཧ་ཅང་གི་ཐུགས་སྣང་ཆེན་པོ་གནང་བཞིན་ཡོད་པ་རེད།
གསར་འགོད་པ་ཀླུ་འབུམ།