རྒྱ་ནག་གི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཚོགས་འདུ་ནི་མིང་དོན་མི་མཚུངས་པ་རེད།
2019.01.22
རྒྱ་ནག་གཞུང་གིས་ལྷ་སར་གྲོང་གསེབ་དང་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཚོགས་འདུ་ཟེར་བ་ཚོགས་ཀྱང་དེ་ནི་མིང་དོན་མཚུངས་པ་ཞིག་མིན་ལུགས་བོད་ནས་བོད་མི་ཁག་གཅིག་གིས་བརྗོད་འདུག
ཕྱི་ལོ་༢༠༡༩ ལོའི་ཕྱི་ཟླ་༡ ཕྱི་ཚེས་༡༨ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གྲོང་གསེབ་དང་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཟེར་བའི་ཚོགས་འདུ་ཞིག་ཚོགས་པའི་སྐོར་ཕྱི་ཚེས་༢༡ ཉིན་ཀྲུང་གོའི་བོད་ལྗོངས་དྲ་ཚིགས་ཟེར་བའི་ཐོག་གནས་ཚུལ་སྤེལ་འདུག དེའི་ནང་ཚོགས་འདུ་དེ་ནི་ཞི་ཅིན་པིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་སོགས་ཀྱི་དགོངས་དོན་ལྟར་འཚོགས་པ་ཡིན་ལུགས་ཀྱང་བརྗོད་འདུག་པ་ཟད། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་བྱེད་པ་དང། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ། ཞིང་འབྲོག་ཁུལ་གྱི་བསྒྱུར་བཅོས་ཟབ་ཏུ་གཏོང་རྒྱུར་དམིགས་པ་ཡིན་ལུགས་བཀོད་ཡོད་པ་རེད།
འོན་ཀྱང་བོད་ནང་གནས་སྡོད་བོད་མི་ཞིག་གིས། ཚོགས་འདུ་དེ་ནི་མིང་དོན་མཚུངས་པ་ཞིག་མིན་པ་དང་། ད་བར་གཞུང་ཕྱོགས་ནས་ཚོགས་འདུ་དེ་འདྲའི་རིགས་མང་པོ་འཚོགས་ཡོད་པ་རེད། འོན་ཀྱང། རྒྱལ་ཁབ་ཀྱི་སྲིད་བྱུས་དང། ཡར་རྒྱས་འཛུགས་སྐྲུན་ཞེས་ལས་གཞི་འདྲ་མིན་གཞི་སྤེལ་ཏེ་བོད་ཀྱི་ཞིང་འབྲོག་རྣམས་ཀྱིས་རང་ཉིད་ཀྱི་ལོ་རྒྱུས་རང་བཞིན་ཅན་གྱི་འཚོ་བ་དེ་ཕར་བསྐྱུར་ནས་གྲོང་ཁྱེར་ནང་ཚུར་རུ་བ་སྤོ་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། གྲོང་ཁྱེར་རུ་གནས་སྤོ་བྱེད་མཁན་འབྲོག་པ་རྣམས་ཀྱིས་རང་ཉིད་ཀྱི་ནོར་ལུག་གཞན་ལ་བཙོང་ནས་གྲོང་ཁྱེར་ནང་འཚོ་བ་སྐྱེས་ཐབས་བྱས་ཀྱང་གྲོང་ཁྱེར་གྱི་ལས་ཀ་དང་འཚོ་སྡོད་ཀྱི་ཉམས་མྱོང་མེད་པའི་དབང་གིས་ཕྱི་སུ་འབྲོག་པ་རྣམས་གྲོང་ཁྱེར་ནང་གི་བྲན་གཡོག་ལྟ་བུར་འགྱུར་བཞིན་ཡོད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་བརྗོད་ཡོད་ལ། ད་དུང་ཁོང་གིས། ཞིང་འབྲོག་གྲོང་ཁྱེར་ཁུལ་དུ་གནས་སྤོ་བྱེད་མཁན་མང་ཆེ་བ་ཞིག་ནི་གཞུང་གིས་སྲིད་བྱུས་འོག་དང་བླངས་ཀྱི་ཐོག་ནས་གནས་སྤོ་བྱེད་ཀྱི་ཡོད་པ་རེད། འོན་ཀྱང། ཞིང་འབྲོག་བོད་མི་རྣམས་མ་སྤོར་གོང་དུ་གཞུང་ངོས་ནས་མཐུན་རྐྱེན་རོགས་རམ་བྱ་རྒྱུ་ཡིན་པའི་ཁས་ལེན་མང་པོ་ཞིག་བྱེད་དེ་གནས་སྤོར་བྱེད་ཀྱི་ཡོད་པ་རེད། ཉེ་དུས་ལྷ་སའི་ཁུལ་དུ་འཛུགས་སྐྲུན་ལས་གཞིའི་རྐྱེན་པས། སྔར་དང་བསྡུར་ན། ཞིང་ཁ་ཧ་ཅང་གི་ཉུང་དུ་ཆགས་ཡོད་པ་དང། ལྷ་སའི་གྲོང་གསེབ་ཁུལ་དུ་ཞིང་པ་རྣམས་གྲོང་ཁྱེར་རུ་གནས་སྤོ་བྱས་སྟེ་ཞིང་པའི་ས་གཞིས་སྟེང་དུ་ཁང་པ་གསར་པ་འཛུགས་སྐྲུན་བྱས་ཏེ་མི་རབས་ནས་བརྒྱུད་པའི་བཤུལ་བཞག་ཡལ་འགྲོ་ཡི་ཡོད་པ་ངོ་སྤྲོད་གནང་ཡོད།
ཡང་བོད་ཆབ་མདོ་ཁུལ་དུ་གནས་སྡོད་བོད་མི་ཞིག་གིས། རྒྱ་ནག་གཞུང་ངོས་ནས་༢༠༢༠ ལོ་བར་རྒྱ་ནག་སྤྱི་ཡོངས་ཀྱི་དཔལ་འབྱོར་ཡར་རྒྱས་དང། མི་མང་རྣམས་དབུལ་ཕོངས་ལས་སྒྲོལ་ཏེ། ཚང་མ་འབྱོར་ལྡན་ཅན་དུ་བཟོ་རྒྱུ་ཡིན་པའི་ལས་འཆར་དེ་སྔོན་ནས་འགོ་འཛུགས་ཡོད་པ་རེད། ངོས་ཀྱི་ཕ་ཡུལ་ལ་ཡང་༼དབུལ་ཞྭ་ཕུད་༽ཟེར་བའི་ལས་གཞི་དེ་ལྟར་སྤེལ་ཡོད་པ་མ་ཟད། ཞིང་འབྲོག་མི་དམངས་ཚོ་ད་ལྟ་དངོས་སུ་གྲོང་ཁྱེར་ནང་གནས་སྤོ་བྱེད་བཞིན་འདུག འོན་ཀྱང་། རྗེས་མ་ཁོང་ཚོའི་འཚོ་བ་ཇི་ལྟར་སྐྱེལ་གྱི་ཡོད་མེད་ཐད་ད་ལྟའི་འཆར་ཧ་གོ་ཡི་མིན་འདུག་ལ་ངོས་ཀྱིས་ཚོད་དཔག་བྱས་ན་དེ་ལྟར་ཡོང་མི་སྲིད་པ་རེད་ཅེས་བརྗོད་ཡོད།
རྒྱ་ནག་གཞུང་གིས་གྲོང་གསེབ་ཁག་གྲོང་ཁྱེར་གྱི་ངོ་བོར་བསྒྱུར་བའི་སྲིད་བྱུས་དེའི་རྐྱེན་གྱིས་བོད་ནང་དུ་རྒྱ་མི་རིགས་གནས་སྤོར་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། སྲིད་བྱུས་དེ་སྤེལ་བས་བོད་མི་ཚོ་དཀའ་ངལ་ཅན་དུ་བསྒྱུར་ཡོད་པ་མ་ཟད། ད་དུང་བོད་ཀྱི་གྲོང་གསེབ་ཁུལ་གྱི་ས་ཞིང་རྣམས་གཞུང་ངོས་ནས་འཕྲོག་ལེན་བྱས་ཏེ་རྗེས་སུ་བོད་མི་ཚོར་ས་ཞིང་མེད་པ་ཆགས་འགྲོ་ཡི་ཡོད་པ་དང་། སྲིད་བྱུས་དེའི་དབང་གིས་བོད་ནང་གནས་སྤོ་བྱེད་མཁན་རྒྱ་རིགས་རྣམས་གནས་སྤོ་བྱ་བར་ལས་སླ་རུ་ཕྱིན་ཡོད་རེད་ཅེས་ཨ་རིར་རྟེན་གཞི་བྱས་པའི་གསར་འགྱུར་ལས་ཁང་(The Diplomate) ཞེས་པས་ ༢༠༡༧ ལོར་གནས་ཚུལ་སྤེལ་ཡོད་པ་རེད།
གསར་འགོད་པ་བློ་བཟང་དགེ་ལེགས།