ཡུལ་སྐོར་སྣེ་ཤན་པ་དཀོན་མཆོག་སྦྱིན་པ་ལགས་ལ་ཆབ་སྲིད་ཉེས་འཛུགས་དང་མནར་གཅོད་འོག་འདས་གྲོངས།
བོད་མི་ཡུལ་སྐོར་སྣེ་ཤན་པ་ཆབ་སྲིད་བཙོན་པ་དཀོན་མཆོག་སྦྱིན་པ་ལགས་རྒྱ་ནག་གི་བཙོན་འོག་ཏུ་འདས་གྲོངས་སུ་སོང་ཡོད་འདུག
དེ་ཡང་ཨ་རིར་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་སྤྱི་ཚེས་༡༦ཉིན་གནས་ཚུལ་སྤེལ་བ་ལྟར་ན། ཡུལ་སྐོར་སྣེ་ཤན་པ་བོད་ཀྱི་ཆབ་སྲིད་བཙོན་པ་དཀོན་མཆོག་སྦྱིན་པ་ལགས་ལ། རྒྱ་ནག་དམར་ཕྱོགས་གཞུང་གིས་སྤྱི་ལོ་༢༠༡༣ལོའི་སྤྱི་ཟླ་༡༡པའི་ཚེས་༨ཉིན། རྒྱ་ནག་གི་ཉེན་རྟོག་པས་འབྲི་རུ་ནས་འཛིན་བཟུང་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་ནས་དུས་ཡུན་ངེས་ཅན་ཞིག་གི་རྗེས་སུ། ཁོང་གིས་བོད་ཀྱི་ངོ་རྒོལ་གནས་ཚུལ་ཕྱིར་བསྒྲགས་བྱས་ཚུལ་བཤད་དེ་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་པའི་ནག་ཉེས་ཟེར་བ་ཞིག་བཙུགས་ནས། མི་ལོ་༢༡གི་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག་ལ། ལོ་འདིའི་སྤྱི་ཟླ་གཉིས་པའི་ཚེས་༦ཉིན། དཀོན་མཆོག་སྦྱིན་པ་ལགས་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ་འདས་གྲོངས་སུ་སོང་ཡོད་འདུག་ལ། ཟླ་བ་གསུམ་ཙམ་གྱི་སྔོན་ནས་ཡུལ་མི་གང་གིས་ཀྱང་ཤེས་རྟོགས་མ་བྱུང་བར་བཙོན་ཁང་ནས་ས་གནས་དེར་གནས་སྤོར་བྱས་པ་ཞིག་ཡིན་འདུག་ཅིང་། གནས་ཚུལ་དུ་བཙོན་འཇུག་གི་མནར་གཅོད་ཁྲོད་ནས་ཀླད་པར་ཁྲག་འཛུལ་པ་དང་དབང་བོ་སྐྱོན་ཅན་དུ་གྱུར་ནས་འདས་གྲོངས་སུ་སོང་ཚུལ་འཁོད་ཡོད་འདུག
འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་(Sophie Richardson)ལགས་ཀྱིས། དཀོན་མཆོག་སྦྱིན་པ་ནི་ཉེས་མེད་ལ་ཉེས་འཛུགས་བྱས་ཏེ་བཙོན་འཇུག་བྱས་བ་དང་། བཙོན་ཁང་ནང་མནར་གཅོད་ཀྱིས་འདས་གྲོངས་སུ་འགྲོ་རུ་བཅུགས་པའི་དཔེ་མཚོན་ཚབས་ཆེན་ཞིག་ཡིན་ལ། རྒྱ་ནག་གཞུང་གིས་ཉེས་མེད་འཛིན་བཟུང་གིས་མནར་གཅོད་ཚད་མེད་བཏང་ནས་འདས་གྲོངས་སུ་འགྲོ་རུ་བཅུགས་པར་འགན་འཁུར་དགོས་པའི་སྐྱོན་བརྗོད་གནང་འདུག
དཀོན་མཆོག་སྦྱིན་པ་ལགས་ནི་ད་ལོ་རང་ལོ་༥༡ཡིན་ཞིང་། བོད་ཀྱི་རྒྱལ་ས་ལྷ་ས་ནས་སྤྱི་ལེ་སུམ་བརྒྱ་ཙམ་གྱི་སར་ཡོད་པའི་ནག་ཆུ་འབྲི་རུ་ནས་ཡིན་འདུག