ཕྱི་དྲིལ་བཀའ་བློན་མཆོག་གིས་ཉི་ཧོང་ནང་བདུན་གཅིག་རིང་གི་འཚམས་གཟིགས་ལེགས་པར་འགྲུབ་འདུག

བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ཀྱིས་སྤྱི་ཟླ་༧པའི་ཚེས་༡༠ནས་བདུན་ཕྲག་གཅིག་གི་རིང་ཉི་ཧོང་དུ་གཞུང་འབྲེལ་ཕྱོགས་བསྐྱོད་འཚམས་གཟིགས་གནང་བ་ཡོངས་སུ་འགྲུབ་ནས་ཚེས་༡༧ཉིན་ལྡི་ལིར་ཕེབས་ཐོན་གནང་ཡོད་པ་དང་། ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ད་རེས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ཀྱིས་ཉི་ཧོང་ནང་བདུན་ཕྲག་གཅིག་རིང་གཞུང་འབྲེལ་འཚམས་གཟིགས་གནང་བའི་རིང་། ཉི་ཧོང་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་རྒྱུན་ལས་ཚོགས་མི་རྣམས་ལ་མཇལ་འཕྲད་གནང་སྟེ་བོད་ནང་གི་ཛ་དྲག་གནས་སྟངས་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་སོགས་ངོ་སྤྲོད་གནང་བ། དེ་བཞིན་བོད་དོན་གསར་འགོད་གསལ་བསྒྲགས་དང་། གསར་འགོད་པའི་བཅར་འདྲི་དང་ལེན་གནང་བ། ཉི་ཧོང་ནང་ཡོད་པའི་མཐོ་རིམ་སློབ་གྲྭ་ཁག་ཅིག་ལ་འཚམས་གཟིགས་དང་བོད་དོན་གཏམ་བཤད་གནང་བ། ལྷག་པར་ལྷོ་སོག་ལྷན་ཚོགས་དང་ཉི་ཧོང་སྐུ་ཚབ་དོན་གཅོད་ཁང་། ཐེ་ཝན་མང་གཙོའི་སློབ་གྲྭ་གསར་པ་བཅས་ཀྱིས་མཉམ་འབྲེལ་གོ་སྒྲིག་གནང་བའི་ཕྱི་ལོ་༡༩༡༣ལོའི་བོད་སོག་ཆིངས་ཡིག་བཞག་ནས་ལོ་ངོ་༡༡༠འཁོར་བའི་དུས་དྲན་དང་བསྟུན་བོད་སོག་རིག་གཞུང་དང་ཆོས་ཕྱོགས་ཀྱི་འབྲེལ་བའི་སྐོར་བགྲོ་གླེང་ཚོགས་འདུ་བསྐོང་ཚོགས་གནང་བར་མཉམ་ཞུགས་ཀྱིས་ཚོགས་འདུའི་ཐོག་གསུང་བཤད་གནང་བ་སོགས་ད་རེས་འཚམས་གཟིགས་ཚགས་ཚུད་ཡག་པོ་བྱུང་བ་འགྲེལ་བརྗོད་གནང་བྱུང་།
ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས། ད་རེས་ཉི་ཧོང་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་བ་ནི། ཁོང་ཕྱི་དྲིལ་བཀའ་བློན་གྱི་ལས་ཁུར་དམ་འབུལ་ཞུས་པའི་རྗེས་ཉི་ཧོང་དུ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བ་ཐོག་མ་དེ་ཡིན་ཞིང་། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དེ་སྔོན་༢༠༢༢ལོའི་སྤྱི་ཟླ་༩པའི་ནང་། ཉི་ཧོང་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་སྟེ། ཉི་ཧོང་གྲོས་ཚོགས་འཐུས་མི་དང་མཇལ་འཕྲད་ཀྱིས་རྒྱ་ནག་གཞུང་གི་དྲག་གནོན་ཅན་གྱི་སྲིད་བྱུས་འོག་བོད་ནང་བོད་ཀྱི་རིག་གཞུང་དང་སྐད་ཡིག་རིམ་བཞིན་རྩ་བརླག་ཏུ་འགྲོ་བཞིན་ཡོད་པའི་གནས་སྟངས་གླེང་སློང་གནང་ཡོད་པ་རེད།
གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།