ཉི་ཧོང་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅུ་ཡིས་མཉམ་དུ་བོད་དོན་གྲོས་ཆོད་དོན་ཚན་ལྔ་བཞག་འདུག

2023.02.13
ཉི་ཧོང་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅུ་ཡིས་མཉམ་དུ་བོད་དོན་གྲོས་ཆོད་དོན་ཚན་ལྔ་བཞག་འདུག ཉི་ཧོང་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལོ་འཁོར་ཚོགས་འདུའི་སྐབས། ༠༢།༡༢།༢༠༢༣
CTA

དེ་ཡང་ཉི་ཧོང་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལོ་འཁོར་ཚོགས་འདུའི་ཐོག་ཚོགས་མི་ཚོས་ཕྱི་ཟླ་གཉིས་པའི་ཚེས་༡༢ཉིན་དོན་ཚན་ལྔ་ཅན་གྱི་བོད་དོན་གྲོས་ཆོད་ཞིག་གཏན་འབེབས་གནང་ཡོད་པ་དང་། གྲོས་ཆོད་ནང་བོད་ཀྱི་མཐོ་རིམ་བླ་སྤྲུལ་ངོས་འཛིན་བྱེད་པའི་བོད་མིའི་ཆོས་ལུགས་གནད་དོན་ལ་རྒྱ་ནག་གཞུང་གིས་ཐེ་ཇུས་བྱེད་མི་ཆོག་པ་དང་། དམིགས་བསལ་སྤྱི་ནོར་༧གོང་ས་སྐྱབས་མགོན་སྐུ་ཕྲེང་༡༤་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་ཐད་ལ་ཐེ་ཇུས་བྱེད་མི་ཆོག་པ་འཁོད་ཡོད་འདུག ད་དུང་གྲོས་ཆོད་ནང་བོད་ནང་གི་བོད་ཕྲུག་རྣམས་རྒྱ་ནག་གིས་གཏན་འཇགས་སློབ་གྲྭར་བཅུག་ཏེ་རྒྱ་གཞུང་གི་ལྟ་གྲུབ་སློབ་སྦྱོང་སྤྲོད་པའི་སྲིད་ཇུས་འཕྲལ་དུ་མཚམས་འཇོགས་བྱ་དགོས་པའི་སྐོར་ཡང་བཀོད་ཡོད་པ་རེད་འདུག
བོད་དོན་རྒྱབ་སྐྱོར་ཚོགས་པའི་ལོ་འཁོར་ཚོགས་འདུ་དེ་ནི་ཡུལ་དེའི་(Save Tibet Network)་ཞེས་པའི་བོད་སྐྱོབ་རྒྱབ་སྐྱོར་འབྲེལ་མཐུད་ཚོགས་པ་དང་། བོད་མིའི་ཚོགས་པ་གཉིས་ཟུང་འབྲེལ་གྱིས་དྲ་ལམ་ནས་ཚོགས་ཡོད་པ་དང་། དེའི་ནང་ཉི་ཧོང་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཁག་བཅུ་དང་། མི་དམངས་༢༨མཉམ་ཞུགས་གནང་ཡོད་པའི་ཁོངས་སུ་ཉི་ཧོང་རྒྱལ་ཡོངས་དང་ས་གནས་ཀྱི་གྲོས་ཚོགས་ཀྱི་འཐུས་མི་དང་སྐུ་ཚབ། (Tibet House Japan)་ཞེས་པའི་ཉི་ཧོང་བོད་ཀྱི་ཁང་པའི་ལས་བྱེད་པ་སོགས་མཉམ་ཞུགས་གནང་ཡོད་པ། ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་ཨཡྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་བྱུང་།

tibet japan2.jpg

ཉི་ཧོང་གྲོས་ཚོགས་ཀྱི་འཐུས་མི་ཟུར་པ་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་(Save Tibet)་ཞེས་པའི་ཚོགས་གཙོ་(Makino Seishu)་ཞུ་བས། ཉི་ཧོང་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་མཉམ་འབྲེལ་གྱི་གནས་སྟངས་དང་། ཁོང་རང་ཉིད་བོད་མིའི་རང་དབང་དང་དྲང་བདེན་གྱི་འཐབ་རྩོད་ལ་འབྲེལ་བ་བྱུང་སྟངས། ༧གོང་ས་མཆོག་དང་མཇལ་འཕྲད་བྱུང་བའི་སྐོར། ཚོགས་མི་ཚོས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་དང་། ༧གོང་ས་མཆོག་གི་འཚེ་མེད་ཞི་བའི་ཐབས་ལམ་གྱི་དགོངས་གཞི་ལག་བསྟར་ཞུ་ཕྱོགས་སྐོར་སྙིང་བསྡུས་ངོ་སྤྲོད་གནང་འདུག
དེའི་རྗེས་ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་བོད་ཀྱི་གནད་དོན་ཐོག་ལ་རྒྱབ་སྐྱོར་དང་དོ་སྣང་གནང་བར་ཐུགས་རྗེ་ཞུས་པ་དང་ཆབས་ཅིག དེ་སྔ་བོད་ནང་རིག་གནས་གསར་བརྗེ་ཟེར་བའི་ལས་འགུལ་གྱིས་བོད་ཀྱི་ཆོས་ལུགས་ལ་ཚབས་ཆེའི་གཏོར་གཤིག་བཏང་བའི་གནས་སྟངས་བྱུང་བ་དེ་མཚུངས་དེང་སྐབས་བོད་ནང་རྒྱ་ནག་གིས་དེ་རིགས་ལག་བསྟར་བྱེད་བཞིན་ཡོད་པ་དང་། ལྷག་དོན་བོད་མིའི་ངོ་བོ་རྩ་མེད་བཟོ་ཐབས་དང་ཆོས་ལུགས་ཐོག་དྲག་གནོན། འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བའི་བྱ་སྤྱོད་སྤེལ་བཞིན་ཡོད་པ་དེ་དག་མཚམས་འཇོག་ཡོང་ཐབས་ཀྱི་ཕྱག་ལས་གནང་རྒྱུའི་འབོད་སྐུལ་ཞུས་ཡོད་སྐོར་ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་གནས་ཚུལ་སྤེལ་གནང་འདུག


གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎