རྒྱ་བོད་བར་བོད་དོན་བགྲོ་གླེང་གནང་འདུག


2014.09.30
ཨ་རིའི་མའེ་ནི་སོ་ཊར་རྒྱ་རིགས་སློབ་ཕྲུག་དང་ས་གནས་བོད་མི་བར་མཉམ་དུ་བོད་དོན་སྐོར་བགྲོ་གླེང་གནང་སྐབས། ༢༠༡༤།༩།༢༧ ཨ་རིའི་མའེ་ནི་སོ་ཊར་རྒྱ་རིགས་སློབ་ཕྲུག་དང་ས་གནས་བོད་མི་བར་མཉམ་དུ་བོད་དོན་སྐོར་བགྲོ་གླེང་གནང་སྐབས། ༢༠༡༤།༩།༢༧
ཀུན་དགའ་བཀྲ་ཤིས།

ཨ་རིའི་མའེ་ནི་སོ་ཊར་རྒྱ་རིགས་སློབ་ཕྲུག་དང་ས་གནས་བོད་མི་བར་མཉམ་དུ་བོད་དོན་སྐོར་བགྲོ་གླེང་གནང་ཡོད་པ་རེད།
དེ་ཡང་མའེ་ནི་སོ་ཊ་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་དང་། ཨ་མི་རི་ཀའི་བོད་མིའི་སློབ་ཕྲུག་ཚོགས་པས་གོ་བསྒྲིགས་དང་། ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་གཞོགས་འདེགས་འོག་ནིའུ་ཡོཀ་གྲོང་ཁྱེར་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཤཱ་མིང་དང་། བོད་ཀྱི་ཉེ་རབས་ལོ་རྒྱུས་ཞིབ་འཇུག་པ་དང་རྩོམ་པ་པོ་ལི་ཅང་ལིན་གཉིས་མའེ་ནི་སོ་ཊར་གདན་ཞུས་ཀྱིས་རྒྱ་རིགས་སློབ་ཕྲུག་དང་། ས་གནས་བོད་མི་མང་ཚོགས་མཉམ་དུ་བོད་དོན་སྐོར་བགྲོ་གླེང་གནང་ཡོད་པ་རེད། དེ་ནི་ཟླ་བ་འདིའི་ཚེས་༢༧ཉིན་ཨ་རི་བོད་མིའི་སློབ་ཕྲུག་ཚོགས་པས་གྲ་སྒྲིག་གནང་བ་བཞིན་དགེ་རྒན་ཆེན་མོ་ཤཱ་མིང་དང་། རྩོམ་པ་པོ་ལི་ཅང་ལིན་གཉིས་ཀྱིས་ཨ་རིའི་མའེ་ནི་སོ་ཊར་གཙུག་ལག་སློབ་ཆེན་གྱི་རྒྱ་རིགས་སློབ་མ་ཁག་ཅིག་ལ་བོད་ཀྱི་གནད་དོན་ངོ་སྤྲོད་གནང་སྐབས་གཙོ་བོ་བོད་ཀྱི་ཁོར་ཡུག་གནས་སྟངས་ལ་ཉེན་ཁ་འཕྲད་བཞིན་ཡོད་པ་དེ་ནི་བོད་མི་གཅིག་པུའི་གནད་དོན་མ་ཡིན་པར་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་། ལྷག་པར་རྒྱ་ནག་གི་ཁེ་ཕན་དང་ཐད་ཀར་འབྲེལ་བ་ཡོད་པའི་གནད་དོན་ཆེན་པོ་ཞིག་ཡིན་པའི་སྐོར་དང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱིས་རྒྱུན་འཁྱོངས་གནང་བཞིན་པའི་དབུ་མའི་ལམ་གྱི་སྲིད་བྱུས་ནི་བོད་རྒྱ་གཉིས་སྨན་གྱི་སྲིད་བྱུས་ཤིག་ཡིན་ན་ཡང་རྒྱ་ནག་ནང་གསར་འགྱུར་ལ་དམ་བསྒྲགས་ཆེ་བའི་དབང་གིས་མང་ཚོགས་ནས་སྲིད་བྱུས་དེ་ཤེས་རྟོགས་ཡོང་གི་མེད་ཅིང་། གལ་སྲིད་གནས་ཚུལ་ཤེས་རྟོགས་བྱེད་པའི་བརྒྱུད་ལམ་ཡོད་ཚེ་རྒྱ་ནག་མི་མང་གིས་སྲིད་བྱུས་དེར་རྒྱབ་སྐྱོར་མེད་པ་ཡོང་གི་མ་རེད་ཅེས་གསུངས་ཡོད། དེ་རྗེས་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་གདན་འདྲེན་ཞུས་པ་ལྟར་ཤཱ་མིང་དང་། ལི་ཅང་ལིན་ནས་ས་གནས་བོད་རིགས་མང་ཚོགས་ཉིས་བརྒྱ་ལྷག་ཙམ་ལ་གསུང་བཤད་གནང་སྐབས་དེང་སང་སྔོན་མ་དང་མི་འདྲ་བར་ཕྱི་ནང་གཉིས་ཀྱི་རྒྱ་རིགས་དང་། ལྷག་པར་ཤེས་ཡོན་ཅན་གྱི་ཁྲོད་དུ་བོད་ཀྱི་གནད་དོན་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་གི་ཡོད་པའི་སྐོར་དང་། བོད་ཀྱི་གནད་དོན་ཐག་གཅོད་ཡོང་བ་ལ་རྒྱལ་སྤྱིའི་རྒྱབ་སྐྱོར་གལ་ཆེན་པོ་ཡིན་ཀྱང་དེ་ལས་གལ་ཆེ་བ་ནི་རྒྱ་རིགས་ཀྱི་རྒྱབ་སྐྱོར་ཐོབ་ཐབས་བྱེད་རྒྱུ་དེ་ཡིན་སྟབས་བོད་རྒྱ་མང་ཚོགས་དབར་གྱི་འབྲེལ་ལམ་ལ་ཤུགས་སྣོན་རྒྱག་རྒྱུ་གལ་ཆེན་པོ་ཡིན་པའི་སྐོར་སོགས་གསུངས་ཡོད་པ་རེད།

གསར་འགོད་པ་དབྱངས་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎