ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་དོན་གླེང་བ།
2012.03.18
༄༅།།ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་ཁྲིམས་བཟོ་བ་ཞིག་གིས་ བོད་ནང་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་ནན་པོ་གནང་འདུག།
འདི་ཚེས་ ༡༥ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སེ་ཎེ་ཊར་ (Senator) མར་ཁོ་རུ་བིའོ་(Marco Rubio)གྱིས་གྲོས་ཚོགས་གོང་མའི་ལྷན་ཚོགས་སྤྱིར་འཛམ་གླིང་ཁོངས་སུ་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་གནང་བའི་སྐབས་འཛམ་གླིང་འདིའི་ནང་འགྲོ་བ་མིའི་ཐོབ་ཐང་མེད་པའི་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་པ་དང་། དེང་སྐབས་སི་རི་ཡར་ཆ་བཞག་ན། གཞུང་གིས་དྲག་པོའི་གོ་མཚོན་བེད་སྤྱོད་བཏང་སྟེ་མི་མང་དམར་གསོད་བཏང་བ་སོགས་ཀྱི་བྱ་སྤྱོད་ངན་པ་སྤེལ་ཏེ་རྒྱལ་ཁབ་དེའི་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་ཀྱང་རྒྱ་ནག་དང་ཨུ་རུ་སུ་ལྟ་བུས་འགྲོ་བ་མིའི་ཐོབ་ཐང་ཐོག་ལ་འགན་ཁུར་རྩ་བ་ནས་ལེན་གྱི་མེད། ལྷག་པར་དུ་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་ཐོག་ལ་ཡར་རྒྱས་རྩ་བ་ནས་ཕྱིན་མེད་པ་མ་ཟད། རྒྱལ་སྤྱིའི་ནང་རྒྱ་ནག་གི་ཤུགས་རྐྱེན་སྤེལ་ཐབས་བྱེད་བཞིན་ཡོད་ཀྱང་རྒྱལ་སྤྱིའི་ནང་རྒྱ་ནག་གིས་ཨ་རིའི་ཚབ་རྩ་བ་ནས་བྱེད་ཐུབ་ཀྱི་མ་རེད། འགྲོ་བ་མིའི་ཐོབ་ཐང་མེད་པའི་དཔེ་མཚོན་ལེགས་ཤོས་དེ་བོད་རེད། ཞི་བདེར་དགའ་བའི་བོད་མི་ཚོས་རང་ཉིད་འཚོ་གནས་དང་རང་གི་རིག་གཞུང་མི་ཉམས་རྒྱུན་འཛིན་བྱ་རྒྱུའི་ཆེད་རྒྱ་ནག་གི་རྩ་ཁྲིམས་འོག་མིང་དོན་མཚུངས་པའི་གནས་བབ་ཐོབ་ཐབས་ཀྱི་འབད་བརྩོན་བྱེད་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་ཕྱོགས་ནས་འཆར་གཞི་དང་གོ་རིམ་ལྡན་པའི་ཐོག་ནས་བོད་ཀྱི་རིག་གཞུང་རྩ་མེད་བཟོ་ཐབས་བྱས་པ་མ་ཟད་ བོད་ནང་རང་ལུས་མེར་སྲེག་གི་དོན་རྐྱེན་རིམ་བྱུང་བཞིན་པ་དེར་མཚམས་འཇོག་ཆེད་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་ལུགས་གསུངས་གནང་འདུག།