རྒྱ་ནག་མཉམ་ཚོང་འབྲེལ་སྐབས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གལ་ཆེ་བར་འཛིན་དགོས་བའི་འབོད་སྐུལ་ཞུས་འདུག
རྒྱ་ནག་མཉམ་ཚོང་འབྲེལ་གྱི་ཁེ་ཕན་ལས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གལ་ཆེ་བར་བརྩི་དགོས་ལུགས་ཇར་མན་གཞུང་ལ་ཡུལ་དེའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གཙོས་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ཅིག་གིས་འབོད་སྐུལ་ཞུས་ཡོད་འདུག
དེ་ཡང་(TIBET INITIATIVE DEATUSTCHLAND)་ཞེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གཙོས་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་བཅུ་ཙམ་གྱིས་འདི་ཚེས་༢༥ཉིན་ཇར་མན་གཞུང་ལ་འབོད་སྐུལ་ཞུ་ཡིག་ཕུལ་ཡོད་པ་དེའི་ནང་། རྒྱ་ནག་གཞུང་གིས་ཕྱི་ལོ་༡༩༤༩ལོ་ནས་བཟུང་། བོད་མི་ཚོའི་ཆོས་དང་རིག་གཞུང་རྩ་མེད་བཟོས་ཏེ་དྲག་གནོན་ཚད་ལས་བརྒལ་བ་བྱས་དང་བྱེད་བཞིན་ཡོད་པའི་རྒྱུ་མཚན་ལུངས་འདྲེན་བྱས་བ་དང་མཉམ། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་གཏོང་བཞིན་པའི་བྱ་སྤྱོད་ཐེར་འདོན་བྱེད་དགོས་པ་དང་། སོ་སོའི་བསམ་ཚུལ་ཤོད་ཡུལ་མེད་པའི་མི་མང་ཚོར་གཞུང་གིས་རྒྱབ་སྐྱོར་བྱེད་དགོས་པ། ལྷག་པར་དུ་མ་འོངས་པར་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་༧སྐུའི་ཡང་སྲིད་རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པ་ཡིན་ན་དེར་ངོས་ལེན་གནང་རྒྱུ་མེད་པ་དང་། བོད་མིའི་ཆོས་ཕྱོགས་ཀྱི་གནད་དོན་ཐད་བོད་མི་རང་ཉིད་ཀྱིས་ཐག་གཅོད་བྱེད་དགོས་པ་ཞིག་ཡིན་པ་འཇར་མན་གཞུང་གིས་རྒྱ་ནག་དང་མཉམ་འབྲེལ་མོལ་གནང་བའི་སྐབས་ངེས་པར་དུ་གླེང་སློང་གནང་དགོས་ལུགས་ཞུས་ཡོད་འདུག
ཡང་གོང་ཞུས་ཞུ་སྙན་ནང་། རྒྱ་ནག་གཞུང་གིས་བོད་དང་རྒྱ་ནག་ཙམ་མ་ཡིན་པར། ཇར་མན་ནང་དུའང་དངོས་ཤུགས་བརྒྱུད་གསུམ་ནས་ཐེ་བྱུས་བྱེད་བཞིན་པ་དང་། དངོས་ཡོད་གནས་ཚུལ་དང་མི་མཐུན་པའི་དཀྲོག་གཏམ་སྤེལ་བའི་ལས་འགུལ་སྤེལ་ནས་ཇར་མན་ལྟ་བུའི་རང་དབང་ལུང་པའི་ནང་ལའང་བོད་མི་དང་རྒྱ་མི་རིགས་ཚོའི་འགྲོ་སྡོད་སྤྱོད་གསུམ་ཐོག་སོ་ལྟ་དང་འགོག་རྐྱེན་སྤྲོད་བཞིན་ཡོད་སྟབས། དེ་དག་སྲུང་སྐྱོབ་གནང་དགོས་པ་དང་། དེ་དང་ཕྱོགས་མཚུངས་རྒྱལ་སྤྱིའི་ཐོག་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་ཏེ་དྲག་གནོན་བྱེད་མཁན་གྱི་བྱེད་གཏེ་རྣམས་ལ་ཉེས་ཆད་འགེལ་གྱི་ཡོད་པ་ལྟར། ཇར་མན་གཞུང་གི་ངོས་ནས་ཀྱང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྐུ་ཚབ་དང་འབྲེལ་བའི་ཐོག་ནས་ཇར་མན་གཞུང་གི་ཁྲིམས་ཀྱི་འགྲོ་སྟངས་ཀྱི་ཐོག་ནས་རྒྱ་ནག་གི་དཔོན་རིགས་ཉེས་ཅན་ཚོར་ཉེས་ཆད་འགེལ་དགོས་ལུགས་ཞུས་འདུག
གོང་ཞུས་སྙན་ཞུའི་ནང་གནད་དོན་བཅུའི་ཐད་གླེང་ཡོད་པའི་ནང་། རྒྱ་ནག་དང་ཚོང་འབྲེལ་ཡོད་པའི་ཚན་པ་ཁག་ཅིག་གི་དངོས་ཟོག་བཟོ་ཡུལ་དང་། བཟོ་གྲྭའི་ལས་མི་ཚོར་སྡུག་སྦྱོང་གཏོང་སྟངས་ཀྱི་ཐོག་ནས། རྒྱལ་སྤྱིའི་ཐོག་སྐྱོན་བརྗོད་མང་པོ་ཡོང་གི་ཡོད་པའི་ཁོངས་སུ། ཇར་མན་གྱི་ཚོང་དོན་ཚན་པ་ཚོས་ཀྱང་གནད་དོན་དེར་གཞིགས་པས་དོ་སྣང་བྱེད་དགོས་ཀྱི་རེད་ལ། ཇར་མན་གཞུང་གིས་རྒྱ་ནག་མཉམ་འབྲེལ་བ་གནང་བའི་སྐབས་ཚོང་གི་ཁེ་ཕན་ལས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གལ་ཆེ་བར་ངོས་འཛིན་གནང་ནས་ཐབས་བྱུས་འཛིན་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་བཀོད་ཡོད་པ་རེད།
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།