བོད་ནང་འགྲོ་བ་མིའི་ཐོབ་ཐང་ཡོད་ཚུལ་བརྗོད་པ་ནི་འཁྱོག་བཤད་ལས་བདེན་པ་མིན། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས།
ལྷོ་ཀོ་རི་ཡའི་ཕྱོགས་འགལ་ཚོགས་པའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་ད་ལྟའི་རྒྱ་ནག་གཞུང་གིས་དབང་བསྒྱུར་འོག་བོད་ནང་འགྲོ་བ་མིའི་ཐོབ་ཐང་ཡོད་ཚུལ་བརྗོད་པར། ལྷོ་ཀོ་རི་ཡའི་ནང་པའི་ཚོགས་པ་ཆེ་ཤོས་ཏེ། Jogye Order of Korean Buddhism ཡིས་སྐྱོན་བརྗོད་བྱས་འདུག་ལ། དེའི་ཐད་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། བོད་ནང་དངོས་ཡོད་གནས་ཚུལ་རྟོགས་ཞིབ་སླད་ཕྱི་རྒྱལ་གྱི་གསར་འགོད་པ་དང་གྲོས་ཚོགས་འཐུས་མི་སོགས་སྐྱོད་དགོས་པ་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱུན་དུ་ཞུ་འབོད་བྱེད་ཀྱི་ཡོད། འོན་ཀྱང་། ཉེ་ལམ་བོད་དུ་ཕྱིན་པའི་ལྷོ་ཀོ་རི་ཡའི་གྲོས་ཚོགས་འཐུས་མི་བདུན་པོ་དེ་དག་ནི་རྒྱ་ནག་གཞུང་གིས། བཀོད་མངགས་དང་གོ་སྒྲིག་འོག་ཕྱིན་ཡོད་པ་དང་། ཁོང་ཚོས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་བཤད་པ་དེ་དག་འཁྱོགས་བཤད་ཡིན་པ་ལས། དོན་དངོས་ཐོག་བདེན་པ་མིན་པ་གསལ་བོ་རེད་ཅེས་འགྲེལ་བརྗོད་གནང་བྱུང་།
ད་ལྟའི་ཆར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ནི་ཧ་ཅང་གི་ཛ་དྲག་ཡིན་པ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་སྤྱི་གཉིས་ཀྱིས་ཁ་སྔོན་བོད་མིའི་རང་དབང་སྒེར་ལངས་སུམ་བཅུའི་དུས་དྲན་ཐེངས་༦༤པའི་ཐོག་ཡོངས་ཁྱབ་ཀྱི་བསྒྲགས་གཏམ་སྤེལ་ཡོདཔ་དང་། ད་བར་བོད་ནང་གི་བོད་མི་༡༥༧ཡིས་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་སོགས་ཀྱི་དོན་དུ་རང་ལུས་མེར་བསྲེགས་བཏང་ཡོད་པ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁ་སྔོན་ཨོསི་ཊརེ་ལི་ཡའི་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་ཀྱི་ལེ་རིམ་ཐོག་ཁ་གསལ་གསུངས་ཡོད་པ་རེད།
རྒྱ་ནག་གཞུང་གིས་མགྲོན་འབོད་ལྟར། ལྷོ་ཀོ་རི་ཡའི་མང་གཙོ་ཕྱོགས་འགལ་ཚོགས་པའི་གྲོས་ཚོགས་འཐུས་མི་བདུན་ལས་གྲུབ་པའི་རིག་གཞུང་བརྗེ་ལེན་དང་འབྲེལ་བའི་ཚོགས་ཆུང་ཞིབ་བོད་དུ་ལྟ་སྐོར་དུ་ཁྲིད་ཅིང་། དེའ་ནང་ལྷོ་ཀོ་རི་ཡའི་རིག་གཞུང་བློན་ཆེན་ཟུར་པ་སྐུ་ཞབས་Do Jong-Hwan ཟེར་བ་དེ་ཡང་ཡོད་འདུག ཉེ་ལམ་ཁོང་གིས། ཀོ་རི་ཡའི་རླུང་འཕྲིན་གྱི་ལེ་ཚན་ཞིག་ནང་། བོད་ལ་མཚོན་ན་སྤྱི་ལོ་༡༩༥༡ ནས་༡༩༥༩ བར་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཞན་པོ་ཡོད་པ་ལས། དེ་མིན་འདས་པའི་ལོ་ངོ་༦༠ ལྷག་རིང་བོད་ནང་འགྲོ་བ་མིའི་ཐོབ་ཐང་གདལ་བཤིག་བཏང་པའི་གནས་ཚུལ་རིགས་བྱུང་མེད་ཚུལ་བརྗོད་འདུག
དེར་ལྷོ་ཀོ་རི་ཡའི་ནང་པ་ཚོགས་པ་ཆེ་ཤོས་དེས། ཉེ་ལམ་བོད་ལ་ཕྱིན་པའི་གྲོས་ཚོགས་འཐུས་མི་དེ་དག་གིས་བོད་ནང་གི་དངོས་ཡོད་གནས་སྟངས་དང་མི་མཐུན་པའི་སྐད་ཆ་བཤད་པར་ཧ་ཅང་གི་བློ་ཕམ་བྱུང་སྐོར་ཡོངས་ཁྱབ་བསྒྲགས་གནང་ཐོག ངེས་པར་དུ་ཁོང་ཚོས་ཀོ་རི་ཡའི་མི་མང་དང་བོད་མི་ཚོར་དགོངས་སེལ་ཞུ་དགོས་པ་བརྗོད་འདུག
ལྷོ་ཀོ་རི་ཡའི་ནང་ཆོས་མཐོ་རིམ་སློབ་གཉེར་ཁང་གི་སློབ་དཔོན་Soonil Hwang ལགས་ཀྱིས། ད་སྐབས་ལྷོ་ཀོ་རི་ཡའི་ཕྱོགས་འགན་ཆབ་སྲིད་ཚོགས་པས། རྒྱ་ནག་དང་མཉམ་དུ་འབྲེལ་ལམ་དམ་ཟབ་ཏུ་གཏོང་ཐབས་བྱེད་ཀྱི་ཡོད་པའི་ཁར། ཆབ་སྲིད་ཚོགས་པ་དེས་རྒྱ་གཞུང་གི་ལྟ་སྤྱོད་དང་མཐུན་པའི་ལས་དོན་སྒྲུབ་བཞིན་པ་དེས་ཀོ་རི་ཡའི་མི་སེར་མང་པོ་ཞིག་ལ་ཕོག་ཐུག་བཏང་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།