འཇར་མན་གཞུང་གིས་རྒྱ་ནག་ལ་འཐབ་ཇུས་འཛིན་སྟངས་ཀྱི་ཡིག་ཆ་བཏོན་པའི་ནང་བོད་ཀྱི་གནད་དོན་བཀོད་འདུག

2023.07.14
འཇར་མན་གཞུང་གིས་རྒྱ་ནག་ལ་འཐབ་ཇུས་འཛིན་སྟངས་ཀྱི་ཡིག་ཆ་བཏོན་པའི་ནང་བོད་ཀྱི་གནད་དོན་བཀོད་འདུག འཇར་མན་གཞུང་གིས་རྒྱ་ནག་ལ་འཐབ་ཇུས་འཛིན་སྟངས་ཀྱི་ཡིག་ཆ།
སྒྲིག་བཟོ། /RFA

དེ་ཡང་འཇར་མན་གཞུང་གིས་རྒྱུན་རིང་ནས་རྒྱ་ནག་གི་ཐོག་ལ་འཛིན་པའི་འཐབ་ཇུས་ཀྱི་ཡིག་ཆ་གསར་པ་ཞིག་འདོན་རྒྱུ་ཡིན་ཞེས་བཤད་ཡོད་པ་དེ། ཕྱི་ཟླ་༧པའི་ཚེས་༡༤ཉིན་དངོས་སུ་འཇར་མན་གཞུང་གིས་རྒྱ་ནག་ལ་བརྟེན་རྒྱུ་ཉུང་འཕྲིའི་འཐབ་ཇུས་ཡིག་ཆ་དང་པོ་ཞེས་བཏོན་ཡོད་པ་དང་། དེའི་ནང་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་གཏོང་བཞིན་ཡོད་པའི་གནད་དོན་འབུར་འདོན་བྱས་འདུག་ལ། ཤོག་གྲངས་༦༤ཡོད་པའི་ཡིག་ཆ་དེའི་ནང་། རྒྱ་ནག་དམར་ཤོག་ཚོགས་པས་རྒྱ་སྐྱེད་ཀྱི་བྱ་ཐབས་འཛིན་བཞིན་པའི་ནང་བདེ་འཇགས་དང་བརྟན་བརླིང་ལ་དོ་སྣང་བྱེད་ཀྱི་ཡོད་ནའང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཐོ་ཁག་ནང་བཀོད་པ་ལྟར། བོད་དང་ཤིན་ཅང་ནང་དུ་སྨྲ་བརྗོད་དང་གསར་འགོད་རང་དབང་ལ་དོ་ཕོག་དང་། གྲངས་ཉུང་མི་རིགས་ལ་དྲག་གནོན་ཁོང་ཚོའི་ཆོས་ལུགས་དད་མོས་ལ་རྡོག་རོལ་གཏོང་བཞིན་པའི་དཀའ་ངལ་འཕྲད་མུས་ཡིན་པ་གསལ་སྟོན་གནང་འདུག
ད་དུང་ཡིག་ཆ་དེའི་དོན་ཚན་༣པའི་ནང་གསེས་༣པའི་ནང་། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་དགོས་པའི་གནད་དོན་གླེང་སྐབས། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ནང་། འགྲོ་བ་མི་ཚང་མར་ཐོབ་ཐང་དང་རང་དབང་གཅིག་གྱུར་ཡོད་པ་བཀོད་ཡོད་པ་བཞིན། འཇར་མན་གཞུང་གིས་རྒྱ་ནག་དང་འབྲེལ་བ་བྱེད་པའི་སྐབས། བོད་ནང་དང་། ཤིན་ཅང་ནང་གི་ཡུ་གུར་མི་རིགས། ཧོང་ཀོང་གི་གནས་སྟངས་བཅས་ཐེ་བའི་འགྲོ་བ་མིའི་ཐོབ་ཐང་དང་། མི་སྣ་བྱེ་བྲག་པའི་གནད་དོན་ཐད་ལྟ་ཞིབ་བྱ་རྒྱུ་ཡིན་ཞེས་བཀོད་འདུག
འཇར་མན་གྱིས་རྒྱ་ནག་ལ་སྲིད་ཇུས་འཛིན་སྟངས་ཀྱི་ཡིག་ཆ་གསར་པ་དེ་བཞིན་རྒྱ་ནག་འགྱུར་བ་འགྲོ་བཞིན་པའི་གནས་བབ་ལ་གཞིགས་ཏེ་དེར་གདེང་ཚོད་ལྡན་པའི་ངང་ལན་འདེབས་བྱས་པ་ཞིག་ཡིན་ཞེས་འཇར་མན་གྱི་སྲིད་འཛིན་(Chancellor Olf Scholz)་ལགས་ཀྱིས་རེས་གཟའ་ཕུར་བུའི་ཉིན་གསུངས་འདུག་ལ། ད་དུང་ཁོང་གི་(twitter)་དྲྭ་བར་ཁོང་གིས། ང་ཚོའི་དམིགས་ཡུལ་ནི་རྒྱ་ནག་ཁེར་རྐྱང་དུ་འཇོག་རྒྱུ་དེ་མིན་ ཡང་མ་འོངས་པར་རྒྱ་ནག་ལ་ཧ་ཅང་བློ་གཏད་དང་རེ་བཅོལ་ཆེན་པོ་བྱེད་མི་དགོས་པའི་ཆེད་དམིགས་པ་ཡིན་ཞེས་གསུངས་འདུག
ཡང་འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་མཆོག་གིས། ང་ཚོར་སྣེ་འཛོམས་ཤིག་དགོས་ཀྱི་ཡོད་ ཀྱང་དེ་ནི་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུ་ཁོ་ནའི་ཆེད་དུ་བྱ་འདོད་མེད་ཅེས་གསུངས་འདུག
རྒྱ་ནག་གཞུང་གིས་(Arctic)་ཞེས་འཛམ་གླིང་གི་བྱང་སྣེ་དང་། (Antarctica)་ཞེས་འཛམ་གླིང་གི་ལྷོ་སྣེའི་མཐའ་གླིང་དུའང་དམག་དོན་གཙོས་པའི་ཤུགས་རྐྱེན་སྤེལ་ཐབས་བྱེད་ཀྱི་ཡོད་པ་དང་། འཇར་མན་གྱི་ལངས་ཕྱོགས་ནི་ས་ཁུལ་དེ་ཚོ་རྩོད་རྙོག་མེད་པའི་ཞི་བདེའི་ས་ཁུལ་དུ་འཇོག་འདོད་ཡོད་པ་བརྗོད་བཞིན་པ་རེད།


གསར་འགོད་པ། ཚེ་དབང་དངོས་གྲུབ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎