བོད་ཀྱི་གློག་བརྙན་ཞིག་ལ་པེ་ཅིང་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དུ་བྱ་དགའ་ཐོབ་པ།


2018.04.28
བོད་ཀྱི་གློག་བརྙན་ཞིག་ལ་པེ་ཅིང་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དུ་བྱ་དགའ་ཐོབ་པ། འཁྲབ་ཁྲིད་པ་ལྷ་དཔལ་རྒྱལ་གྱིས་བྱ་དགའ་ཐོབ་རྗེས་གཏམ་བཤད་གནང་བཞིན་པ།
ལྷ་དཔལ་རྒྱལ།

༄༅། །བོད་ཀྱི་བྱིས་པའི་གློག་བརྙན༼ཆུ་ལྷམ་ཆུང་ཆུང༽ལ་པེ་ཅིང་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྟེང༼ ཆེས་དོ་སྣང་བྱེད་ཡུལ་དུ་གྱུར་བའི་འཁྲབ་གཞུང་རྩེ་གྲས༽ ཀྱི་བྱ་དགའ་ཐོབ་འདུག
དེ་ཡང་པེ་ཅིང་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས ༨ པ་དེ། ཟླ ༤ པའི་ཚེས ༡༥ ནས་ཚེས ༢༢ རིང་རྒྱ་ནག་པེ་ཅིང་དུ་འཚོགས་ཡོད་པ་དང་། ཐེངས་འདིའི་པེ་ཅིང་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་རྣམ་གྲངས་མང་པོའི་ཁྲོད་མ་འོངས་པར་དོ་སྣང་བྱེད་པ་ཞེས་པའི་གློག་བརྙན་འགྲེམ་གཟིགས་སྡེ་ཚན་ནང་བསྡུས་པའི་གློག་བརྙན་བརྩམས་ཆོས་དག་ནི། བྱང་ཨ་མེ་རི་ཀ་དང་། ལ་ཏེན་ཨ་མེ་རི་ཀ  ཨ་ཧྥི་རི་ཀ ཡོ་རོབ། ཨེ་ཞི་ཡ་སོགས་གླིང་ཆེན་ཁག་ནས་བདམས་ཡོད་པ་དང་། འོས་འདེམས་ནང་ཚུད་པའི་གློག་བརྙན་བརྩམས་ཆོས་ཁྱོན་བསྡོམས་པའི་བཅུ་དྲུག་ཡོད་ལ། ཕྱིའི་རྒྱལ་ཁབ་ཀྱི་ཁོངས་གཏོགས་སུ་གྱུར་བའི་གློག་བརྙན་བརྩམས་ཆོས་བཅུ་གསུམ་དང་། རྒྱ་ནག་གི་གློག་བརྙན་གསུམ་ཡོད་པའི་ཁུངས་སུ་གཅིག་བོད་ཀྱི་གློག་བརྙན་ ཆུ་ལྷམ་ཆུང་ཆུང་ཡིན།
གོང་ཞུས་གློག་བརྙན་དེ་དག་གི་ཁྲོད་དུའང་འཁྲབ་ཁྲིད་པའི་ཐོག་མའི་བརྩམས་ཆོས་སུ་གཏོགས་པའི་གློག་བརྙན་བཅུ་གཉིས་ཡོད་ལ། ཐོག་མའི་བརྩམས་ཆོས་བཅུ་གཉིས་ལས་གློག་བརྙན་བཅུ་ཐམ་པ་ཕྱིའི་རྒྱལ་ཁབ་ནས་ཡིན་ཞིང་། རྒྱ་ནག་ལ་གཏོགས་པའི་གློག་བརྙན་བརྩམས་ཆོས་གཉིས་ལས་མི་འདུག
ཐེངས་འདིའི་འགྲན་བསྡུར་ཁྲོད་བོད་ཡུལ་ནས་ཐོན་ཞིང་བོད་མིས་འཁྲབ་པ། བོད་མིས་འཁྲབ་ཁྲིད་གནང་བའི་གློག་བརྙན་བརྩམས་ཆོས་གསར་བ་ ཆུ་ལྷམ་ཆུང་ཆུང་ ཞེས་པར། པེ་ཅིང་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས ༨ པའི་ཁྲོད་ཆེས་དོ་སྣང་བྱེད་ཡུལ་དུ་གྱུར་བའི་འཁྲབ་གཞུང་རྩེ་གྲས་ཀྱི་བྱ་དགའ་ཐོབ་ཡོད་པ་རེད། བོད་བརྙན་བརྩམས་ཆོས་གསར་བ་འདིའི་འཁྲབ་ཁྲིད་པ་ལྷ་དཔལ་རྒྱལ་ནི་ཐེངས་འདིའི་འགྲན་བསྡུར་ཁྲོད་ལོ་ན་ཆེས་གཞོན་པའི་གློག་བརྙན་འཁྲབ་ཁྲིད་པ་དེ་ཡིན་པ་རེད།
ད་ལྟ་ལོ་ན༢༩ ལས་མིན་པའི་གློག་བརྙན་འཁྲབ་ཁྲིད་པ་སྐུ་ཞབས་ལྷ་དཔལ་རྒྱལ་ལགས་ཀྱིས་འཁྲབ་ཁྲིད་གནང་བའི་བྱིས་པའི་གློག་བརྙན༼ཆུ་ལྷམ་ཆུང་ཆུང༽ཞེས་པ་ནི་ཁོང་གི་གློག་བརྙན་བརྩམས་ཆོས་ཐོག་མ་དེ་ཡིན་ཞིང་། བྱིས་པའི་འཚོ་བ་དང་སེམས་ཁམས་བརྗོད་བྱ་བྱས་པའི་བོད་ཀྱི་གློག་བརྙན་ ཆུ་ལྷམ་ཆུང་ཆུང་ ལ། ད་ལོའི་སྤྱི་ཟླ ༢ པའི་ཚེས ༢༡ ཉིན་འཇར་མཱ་ནེའི་བྷུར་ལེན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས ༦༨ པའི་མི་རབས་གསར་བའི་ཚན་པར་ཚུད་པ་རེད།  
བོད་ཀྱི་གློག་བརྙན་ ཆུ་ལྷམ་ཆུང་ཆུང་ གི་ལྟ་སྐུལ་བ་ནི་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་སྐུ་ཞབས་པདྨ་ཚེ་བརྟན་ལགས་ཡིན་པ་དང་། ན་ཆུང་བྱིས་པ་འབྲུག་ལྷ་རྡོ་རྗེ་ཡིས་གློག་བརྙན་གཙོ་འཁྲབ་པ་ཆུང་ཆུང་དབང་གྲགས་འཁྲབ་ཡོད་པ་དང་། གཞོན་སྐྱེས་འཁྲབ་སྟོན་པ་སྦྱིན་པ་དང་བྱམས་མ་སྐྱིད་གཉིས་ཀྱིས་དབང་གྲགས་ཀྱི་ཕ་མ་གཉིས་འཁྲབ་འདུག དེ་བཞིན་ན་ཆུང་བུ་མོ་འཕགས་མོ་དབྱངས་འཛོམས་ཀྱིས་གཙོ་འཁྲབ་པ་ཆུང་ཆུང་ལྷ་མོ་འཁྲབ་ཡོད་པ་རེད།
འཁྲབ་ཁྲིད་པ་སྐུ་ཞབས་ལྷ་དཔལ་རྒྱལ་ལགས ༡༩༨༩ ལོར་མཚོ་སྔོན་དུ་སྐྱེས་ཤིང་། པེ་ཅིང་གློག་བརྙན་སློབ་གླིང་ནས་སློབ་མཐར་ཕྱིན། དེ་སྔ་པདྨ་ཚེ་བརྟན་ལགས་ཀྱི་འཁྲབ་ཁྲིད་གནང་བའི་བོད་ཀྱི་གློག་བརྙན༼ཐར་ལོ༽དང་། ༼ལོ་དེར་ང་ལོ་བརྒྱད་ཡིན༽སོགས་གློག་བརྙན་གྱི་འཛིན་སྐྱོང་འཁྲབ་ཁྲིད་པའི་འགན་ཁུར་འདུག ༼ཆུ་ལྷམ་ཆུང་ཆུང༽ནི་སྐུ་ཞབས་ཚེ་རིང་དོན་འགྲུབ་ཀྱི་སྒྲུང་ཐུང་ཞིག་འཁྲབ་གཞུང་དུ་བསྒྱུར་བ་དང་། གཙོ་འཁྲབ་པ་དབང་གྲགས་ཀྱིས་མཚོན་པའི་བོད་ཁུལ་གྱི་ན་ཆུང་བྱིས་པའི་འཚོ་བ་དང་སེམས་ཁམས་བརྗོད་པའི་སྒྲུང་གཏམ་ཞིག་ཡིན་པ་རེད། །
གསར་འགོད་པ་སྟག་ལྷ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎