བོད་ཀྱི་དངོས་བྱུང་གློག་བརྙན་འཇིགས་བྲལ་སུད་སིར་བསྟེན་སྐོར།
2008.09.10
༄༅༎སུད་སིའི་གྲོང་ཁྱེར་ཇི་ནི་ལྦའི་ནང་ཉེ་ལམ་ཟླ་བ་འདིའི་ཚེས་༨ནས་དབུ་འཛུགས་གནང་བའི་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་དགུ་པའི་ཞོར་འཕྲོས་སུ་ བོད་ནང་ནས་ཉེ་ཆར་གསང་བའི་སྒོ་ནས་ཕྱིར་འཁྱེར་ཐུབ་པའི་དངོས་འབྱུང་གློག་བརྙན་འཇིགས་བྲལ་ཞེས་པ་དེ་དེ་རིང་བསྟེན་གནང་འདུག
རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཆེན་འདིའི་ཐོག་འཛམ་གླིང་ཁྱོན་ཡོངས་ཀྱི་ནང་འཕྲད་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་ཀྱི་དཀའ་ངལ་སྐོར་གྲོས་བསྡུར་གནང་གི་ཡོད་པ་རེད།
མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་གོ་བསྡུར་གནང་སའི་གནས་བབ་ཡོད་མཁན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཞིས་ གོང་ཞུས་གློག་བརྙན་དེ་གཟིགས་འབུལ་གོ་སྒྲིག་གནང་ཡོད་པ་དང༌། འཇིགས་བྲལ་ཞེས་པའི་གློག་བརྙན་དེ་གཟིགས་པར་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་འཐུས་མི་དང༌། ཇར་མ་ནི་དང་སུད་ལྦེ་ཌེན། ཁེ་ན་ཌ། ནེ་དར་ལེནཌ་དང༌ ཕིན་ལེནཌ་གི་གཞུང་འབྲེལ་སྐུ་ཚབ། དེ་བཞིན་གསར་འགོད་པ་མང་པོ་ཞིག་ཕེབས་ཡོད་པ་རེད། བོད་ནང་པར་ལེན་གནང་བའི་འཇིགས་བྲལ་ཞེས་པའི་དངོས་འབྱུང་གློག་བརྙན་བཟོ་སྒྲིག་གནང་མཁན་ དོན་གྲུབ་དབང་ཆེན་ལགས་དང་ཁོང་གི་ཕྱག་རོགས་ གོ་ལོག་འཇིགས་མེད་ལགས་གཉིས་བོད་ནང་རྒྱ་མིའི་བདེ་སྲུང་མི་སྣས་འཛིན་བཟུང་བྱས་ཡོད་པ་རེད།
གོང་ཞུས་གློག་བརྙན་དེ་བཟོ་འདོན་གནང་མཁན་ལས་རོགས་དང་ཆབ་སྲིད་བཙོན་པ་ཟུར་པ་ རྒྱལ་ལྗོངས་ཚེ་ཁྲིན་ལགས་ཀྱིས་ འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འབྲེལ་ཡོད་མི་སྣ་ཚོར་ འཇིགས་བྲལ་གློག་བརྙན་བཟོ་སྒྲིག་གནང་མཁན་ དོན་གྲུབ་དབང་ཆེན་ལགས་དང་གོ་ལོག་འཇིགས་མེད་ལགས་རྒྱ་མིའི་བཙོན་འཇུག་དོ་དམ་འོག་ནས་གློད་བཀྲོལ་ཡོང་ཐབས་ཀྱི་རོགས་རམ་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་གནང་འདུག་ དེ་བཞིན་ཁོང་གིས་ གློག་བརྙན་དེའི་ནང་ བོད་ནང་གི་བོད་མི་༡༠༨ཙམ་ལ་གནས་འདྲི་བྱས་ཡོད་པར་བརྟེན། གློག་བརྙན་དེ་དག་འགྲེམས་སྤེལ་ཟིན་པའི་རྗེས་ རྒྱ་མིས་གནས་འདྲི་བྱ་ཡུལ་གྱི་བོད་མི་མང་པོ་ཞིག་ལ་སུན་བཙིར་དང་སྡུག་སྦྱོང་བཏང་བ། དེ་བཞིན་འཛིན་བཟུང་བྱས་པ་སོགས་གནས་ཚུལ་མང་པོ་ཞིག་བོད་ནས་ཐོན་བཞིན་ཡོད་པར་བློ་འཚབ་གསལ་བཏོན་གནང་འདུག།