བོད་ནང་གི་བོད་མི་ཚོ་ཁོར་ཡུག་སྲུང་སྐྱོབ་ཐད་དོ་སྣང་ཇེ་ཆེར་ཡོང་བཞིན་འདུག
2018.04.20
བོད་ནང་གི་བོད་མི་ཚོས་རང་ས་རང་གིས་བདག་སྐྱོང་བྱེད་དགོས་པའི་འདུ་ཤེས་བཟུང་ནས་རྩ་འཛུགས་དང་ལྡན་པའི་ངང་ཁོར་ཡུག་གཙང་བཟོའི་ལས་དོན་སྤེལ་བཞིན་འདུག
དེ་ཡང་གོ་ལའི་ཉིན་མོ་བསླེབ་ལ་ཉེ་བ་དང་འདི་ག་རླུང་འཕྲིན་ཁང་གིས་བོད་ཀྱི་ཁོར་ཡུག་ལ་རྒྱུས་ལོན་བྱས་སྐབས། མདོ་སྨད་མཚོ་སྔོན་ཕྱོགས་ཀྱི་བཏགས་མིང་ལ་མཐུན་པ་བཀྲ་ཤིས་དང་ཕུར་བུ་དོན་འགྲུབ་ཟེར་བའི་བོད་རིགས་འབྲོག་པ་གཉིས་ཀྱིས་འདི་གའི་རླུང་འཕྲིན་ཁང་དུ། བོད་ས་མཐོ་སྒང་གི་རང་བྱུང་ཁོར་ཡུག་ལ་དེང་སང་ཐེབས་པའི་འབག་བསླད་འདི་ལྟ་བུ་ཞིག་བོད་ཀྱི་བྱུང་རབས་ལོ་རྒྱུས་སུ་ཐེབས་མྱོང་མེད། སྤྱི་ཚོགས་ཡར་རྒྱས་དང་མཉམ་རིགས་སྣ་ཚོགས་ཀྱི་གད་སྙིགས་ཀྱིས་བོད་ས་མཐོ་སྒང་གི་དྭངས་གཙང་ཁོར་ཡུག་ལ་ཉེན་ཁ་བཟོས་དང་བཟོ་བཞིན་ཡོད། ཡིན་ན་ཡང་། དགའ་འོས་པ་ཞིག་ལ་རྒྱ་ཆེའི་བོད་མི་དམངས་ཀྱི་གོ་རྟོགས་སད་ནས་རང་ས་རང་གིས་སྲུང་དགོས་པ་དང་། རང་གི་ཁོར་ཡུག་རང་གིས་གཙང་སྦྲ་བྱེད་དགོས་པའི་འདུ་ཤེས་སྐྱེས་ཤིང་ངེས་པ་རྙེད་ཡོད་པ་དེ་ཡིན་ཅེས་ངོ་སྤྲོད་གནང་བྱུང་།
ད་དུང་ཕུར་བུ་དོན་འགྲུབ་ལགས་ཀྱིས་སྤྱིར་བཏང་གོ་ལ་ཧྲིལ་བོ་དང་བྱེ་བྲག་བོད་ས་བོད་ཡུལ་དུ་གད་སྙིགས་མེད་པའི་ཁོར་ཡུག་ཅིག་བསྐྲུན་དགོས་པ་གཙོ་བོ་དེ་མི་རྣམས་པའི་བསམ་བློ་དང་འདུ་ཤེས་འཛིན་སྟངས་ལ་རག་ལས་ཡོད་པ་གསུངས་བ་དང་། དེ་བཞིན་དུ་མཐུན་པ་བཀྲ་ཤིས་ལགས་ཀྱིས་གང་ཟག་རེ་རེའི་རང་ཉིད་ཀྱི་བྱ་སྤྱོད་ལས་བྱུང་བའི་གད་སྙིགས་དང་ཉེ་འཁྲིས་ཀྱི་གད་སྙིགས་རིགས་གཙང་མ་བཟོ་ཐུབ་ཚེ་ད་གཟོད་ང་ཚོའི་འབྲོག་ཡུལ་གཙང་མ་ཡིན་ལ་ང་ཚོ་གད་སྙིགས་ཀྱི་ཕུང་བའི་ཁྲོད་འཚོ་མི་དགོས་ཟེར།
གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། བོང་སྟག་ཅེས་པའི་འབྲོག་སྡེ་དེ་གར་ད་ལྟ་ཞལ་དཀར་མཐུན་ཚོགས་ཞེས་པའི་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཞིག་ལོ་ཤས་གོང་ནས་ཚུགས་ཡོད་པ་དང་། བོང་སྟག་གི་ཁྱབ་ཁོངས་སྡེ་བ་བདུན་ན་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆུང་རེ་རེ་ཡོད་པ་ཁྱོན་བསྡོམས་པའི་ཚོགས་མི ༦༠༠ལྷག་ཡོད་ཅིང་། ལོ་ལྟར་རང་ས་རང་གིས་བདག་སྐྱོང་བྱེད་རྒྱུའི་འདུ་ཤེས་འོག་མི་ཚོགས་ཡོད་སའི་ཡུལ་ཚོ་དང་དགོན་སྡེ། ལམ་གྱི་གཡས་གཡོན། དེ་མིན་འབྲོག་ཁྱིམ་རེ་རེ་བཞིན་བྱས་ནས་གད་སྙིགས་བཏུས་ནས་སྲེག་དགོས་པ་སྲེག སའི་འོག་ཀླུབ་དགོས་པ་ཀླུབ། གློག་རྫས་སོགས་གད་སྙིགས་རིགས་ཕྱོགས་གཅིག་ཏུ་བསྡུས་ནས་རྫོང་གི་གད་སྙིགས་ཁང་དུ་བསྐྱལ་གྱིན་ཡོད་པ་མ་ཟད། མང་ཚོགས་ལ་ཁོར་ཡུག་སྲུང་སྐྱོབ་སྐོར་སློབ་གསོ་ཡང་སྤྲོད་ཀྱི་ཡོད་འདུག
དེ་བཞིན་ཡང་ཟླ་བཞི་པའི་ཚེས ༡༣ ཉིན། ༼རྒྱ་ནག་ཕྱི་ནང་གྲོས་མོལ༽ཞེས་པའི་དབྱིན་ཇིའི་ལོན་ཌོན་དང་རྒྱ་ནག་པེ་ཅིང་། ཨ་རིའི་སན་ཧྥི་རན་སེ་སི་ཁོ་གྲོང་ཁྱེར་བཅས་སུ་རྟེན་གཞི་བྱས་པའི་ཁེ་གཉེར་མིན་པའི་སྒྲིག་འཛུགས་དེའི་དྲྭ་ཚུགས་སུ། ཁ་བྱང་ལ༼གད་སྙིགས་འཐུ་བའི་གྲྭ་པ༽ཞེས་པའི་དཔྱད་རྩོམ་ཅིག་སྤེལ་ནས། སངས་རྒྱས་ཟེར་བའི་མདོ་སྨད་བླ་བྲང་དགོན་པའི་དགེ་འདུན་པ་ཞིག་གིས་སྣེ་ཁྲིད་པའི་གད་སྙིགས་གཙང་བཟོ་རུ་ཁག་ཅིག་གིས་བླ་བྲང་རྒན་རྒྱ་རྩྭ་ཐང་གི་མཛེས་སྡུག་ཡིད་དབང་འཕྲོག་པའི་རང་བྱུང་གི་ཁོར་ཡུག་སྲུང་སྐྱོབ་ཆེད་ལོ་མང་པོར་གད་སྙིགས་གཙང་བཟོ་གནང་བའི་གནས་ཚུལ་སྤེལ་འདུག
གཞན་ཡང་བོད་ཀྱི་ཆོས་ལུགས་རིག་གནས་དང་ཡུལ་སྲོལ་གོམས་འདྲིས་ཀྱི་དབང་གིས་གནས་རི་དང་བླ་མཚོ་སོགས་སུ་དར་ལྕོག་སྒྲེང་འཛུགས་དང་རླུང་རྟ་གཏོར་སྲོལ་ཡོད་པ་བཞིན། ད་ལྟའི་ཆར་འབྱོར་བ་རྒྱས་པའི་འགྲོས་དང་མཉམ་དུ་དར་ལྕོག་ཀྱང་མང་པོ་རིང་པོ་འཐེན་གྱིན་པས་ཁོར་ཡུག་ལ་གནོད་ཀྱིན་པའི་མ་ཚད། རི་སྐྱེས་སྲོག་ཆགས་དང་སྒོ་ཟོག་སོགས་དར་ལྕོག་ནང་ལ་སྐྱིས་ནས་ཤི་བའི་གནས་ཚུལ་ཡང་མང་པོ་བྱུང་པ་དེ་ཚོའི་ཐད་ལ་ཡང་ས་གནས་མང་པོར་དོ་སྣང་ཡོང་བཞིན་པ་སོགས་ད་ལྟ་བོད་མདོ་དབུས་ཁམས་གསུམ་ན་ཁོར་ཡུག་སྲུང་སྐྱོབ་ཀྱི་ཚོགས་པ་དང་སྐྱིད་སྡུག་མང་པོ་ཞིག་མ་བསྐུལ་དང་བླངས་ངང་ཚུགས་ནས་སོ་སོའི་ཁོར་ཡུག་གི་གད་སྙིགས་གཙང་བཟོས་མཚོན་པའི་གང་ཅིའི་ཐད་ནས་རང་ས་རང་གིས་བདག་སྐྱོང་བྱེད་པའི་རྣམ་པ་གསར་བ་ཞིག་ཤར་ཡོད་པ་རེད།
འཛམ་གླིང་ཡོངས་སུ་ཁོར་ཡུག་སྲུང་སྐྱོབ་དང་དེའི་ལས་འགུལ་ཆེད་ལོ་ལྟར་གོ་ལའི་ཉིན་མོ་ཞེས་སྲུང་བརྩི་བྱེད་བཞིན་པ་དང་། ད་ལོར་དམིགས་བསལ་འགྱིག་རིགས་ཀྱིས་ཁོར་ཡུག་ལ་གཏོར་སྐྱོན་གཏོང་བཞིན་པའི་ཐད་ལ་དོ་སྣང་བྱེད་བཞིན་པ་རེད།
གསར་འགོད་པ་སྟག་ལྷ་རྒྱལ།