རྒྱ་ནག་གིས་མུ་མཐུད་བོད་ནང་དྲག་གནོན་སྟངས་འཛིན་གྱི་སྲིད་བྱུས་རྒྱུན་སྐྱོངས་བྱ་རྒྱུ་རྒྱ་ནག་གི་ཚོགས་ཆེན་གཉིས་ཀྱི་བོད་ཀྱི་འཐུས་མིའི་ཟུར་ཚོགས་ལས་མངོན་གསལ་ཡིན་པ། ཉམས་ཞིབ་པས་འགྲེལ་བརྗོད་གནང་གི་འདུག



འདི་ལོ་ཡང་རྒྱ་ནག་གི་ཚོགས་ཆེན་གཉིས་ཀྱི་བོད་ཀྱི་འཐུས་མིའི་ཟུར་ཚོགས་སྟེང་ཏཱ་ལའི་ཁ་བྲལ་ལ་འཐབ་རྩོད་དང་བརྟན་བརླིང་ལ་ཤུགས་སྣོན་རྒྱུ་ཡིན་པ་བོད་རང་སྐྱོར་ལྗོངས་ཀྱི་འཐུས་མི་ཚོས་འགྲེལ་བརྗོད་བྱས་འདུག
ཕྱི་ཟླ་ ༣ ཚེས་ ༤ ནས་བཟུང་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་ཡོངས་མི་དམངས་ཆབ་སྲིད་གྲོས་ཚོགས་དང་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གཉིས་ཚོགས་བཞིན་ཡོད་པ་ལྟར། ཕྱི་ཚེས་ ༦ ཉིན་གྱི་སྔ་དྲོ་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་གྱི་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོས་ཟུར་ཚོགས་ཞིག་ཚོགས་པ་དང་འབྲེལ། བོད་རང་སྐྱོང་ལྗོངས་དམར་ཤོག་དྲུང་ཆེ་ཝང་ཅུན་ཀྲང་དང་མི་མང་སྲིད་གཞུང་གི་མགོ་གཙོ་ཀརྨ་ཚེ་བརྟན་གཉིས་ནས། བོད་ནང་མུ་མཐུད་བརྟན་བརླིང་སྲུང་སྐྱོབ་དང་ཁ་བྲལ་བར་ངོ་རྒོལ་དང་འཐབ་རྩོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་བརྗོད་འདུག་ལ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ནས། ཐེངས་འདིར་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོས་ཟུར་ཚོགས་ལ་ནམ་རྒྱུན་ལྟ་བུ་ལས་དམིགས་བསལ་གསར་བ་གང་ཡང་མེད་ན་ཡང་། བོད་ནང་མུ་མཐུད་བརྟན་བརླིང་དང་ཁ་བྲལ་འཐབ་རྩོད་ཀྱི་མིང་འོག་ནས་དྲག་གནོན་སྟངས་འཛིན་གྱི་སྲིད་བྱུས་རྒྱུན་སྐྱོང་རྒྱུ་མངོན་གསལ་ཡིན་པ་འགྲེལ་བརྗོད་གནང་བྱུང་།
བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོས་གསར་འགོད་པའི་མདུན་དུ་ཡོངས་ཁྱབ་ངང་ཚོགས་པའི་ཟུར་ཚོགས་ཟེར་བའི་སྟེང་། ཡང་ཀརྨ་ཚེ་བརྟན་གྱིས་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་སྒྱུར་བཞིན་པར་རྒྱབ་སྐྱོར་ཡོད་པ་དང་། འདས་པའི་ནང་རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་བསམ་བློའི་སློབ་གསོ་ཁག་ལ་བོད་མི་ཚོས་དགའ་མོས་ཤུགས་ཆེར་བྱེད་བཞིན་ཡོད་པ་དང་། ཏཱ་ལའི་བླ་མ་དང་ཁ་བྲལ་ཕྱོགས་ཁག་གིས་ངོ་རྒོལ་དང་དམའ་འབེབས་བྱེད་བཞིན་ཡོད་ན་ཡང་། ད་ལྟ་རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་འདུ་ཤེས་གསུམ་གྱི་སློབ་གསོའི་ཐད་ལ་སྐད་ཆ་བཤད་ས་གང་ཡང་མེད་པར་གྱུར་ཡོད་པས། ནུབ་ཕྱོགས་པས་རྩ་འཛུགས་བྱས་པའི་རྒྱ་ནག་ཁ་བྲལ་ཆེད་ངོ་རྒོལ་དང་ཐེ་བྱུས་མུ་མཐུད་བྱེད་བཞིན་ཡོད་ན་ཡང་། དེས་བོད་ནང་གི་ས་གནས་སྲིད་གཞུང་ལ་ཤུགས་རྐྱེན་གང་ཡང་ཐེབས་ཀྱི་མེད་པ་སོགས་བརྗོད་འདུག་ལ། ཟླ་བ་ཚེ་རིང་ལགས་ནས་མུ་མཐུད་རྒྱ་ནག་གཞུང་གིས་བོད་ནང་སྲིད་བྱུས་ག་རེ་ལག་བསྟར་བྱས་ཀྱང་། དེའི་དམིགས་ཡུལ་བརྟན་བརླིང་ཡོང་དགོས་སྐོར་བརྗོད་བཞིན་པ་དེ། མདོ་དོན་གཙོ་བོ་བོད་མི་ཚོས་རྒྱ་ནག་གཞུང་ལ་ཡིད་ཆེས་བློས་འཁེལ་མེད་པ་ཡིན་སྐོར་བརྗོད་བྱུང་།
ཚོགས་ཆེན་གཉིས་ཟེར་བ་དང་བསྟུན། ཕྱི་ཚེས་ ༥ ཉིན་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོས་ཚོགས་ཆུང་བགོས་ཏེ་སྲིད་གཞུང་གི་ལས་དོན་ལ་དབྱེ་ཞིབ་ཅེས་པའི་ཚོགས་འདུ་ཚོགས་ཡོད་པ་དང་། སྐབས་དེར་དམར་ཤོག་དྲུང་ཆེ་ཝང་ཅུན་ཀྲང་གིས་མགོ་ཁྲིད་ཞི་ཅིན་ཕིན་གྱི་སྲོག་ཤིང་འོག བོད་ཀྱི་བརྟན་བརླིང་ལས་དོན་གྱི་རྨང་གཞི་སྲ་བརྟན་དང་། དཔལ་འབྱོར་ཡར་རྒྱས་ཕྱིན་ཡོད་པ་སོགས་བརྗོད་ཡོད་པ་མ་ཟད། བོད་ཀྱི་མཐའ་མཚམས་བརྟན་སྲུང་དང་ཁོར་ཡུག་སྲུང་སྐྱོབ། མི་མང་གི་འཚོ་བ་ཡར་རྒྱས། བརྟན་བརླིང་སྲུང་སྐྱོབ་བཞི་ལ་མཐའ་གཅིག་ཏུ་འབད་བརྩོན་བྱ་རྒྱུ་ཡིན་པ་སོགས་བརྗོད་འདུག་ལ། ཡང་ཀརྨ་ཚེ་བརྟན་དང་འཐུས་མི་ཚོས་བོད་ནང་མུ་མཐུད་བརྟན་བརླུང་ཆེད་འབད་བརྩོན་དང་། རྒྱ་ནག་གིས་བོད་ནང་གཏན་འབེབས་བྱས་པ་རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་གསུམ་ལ་ཤུགས་སྣོན་དང་། བོད་ཀྱི་ཆོས་ལུགས་རྒྱ་ནག་ཅན་དུ་སྒྱུར་ཐབས་ཐད་ཤུགས་སྣོན་དང་། ཁ་བྲལ་ངོ་རྒོལ་དང་ཁྲིམས་འགལ་རིགས་ལ་ལས་ཀ་དོ་ནན་ངང་བྱ་རྒྱུ་ཡིན་པ་སོགས་བརྗོད་འདུག
རྒྱ་ནག་གི་འཐུས་མིའི་ཚོགས་ཆེན་ཁག་དང་བསྟུན། ལོ་ལྟར་བོད་ནང་ཡར་རྒྱས་ཡོད་སྐོར་དང་བོད་མི་ཚོ་སྐྱིད་པོ་ཡིན་པ། ཁ་བྲལ་བར་ངོ་རྒོལ་བྱ་རྒྱུ་སོགས་རྒྱུན་ལྡན་སྒྲོག་བཞིན་ཡོད་པ་རེད་ལ། འདི་ལོ་ཡང་རྒྱ་ནག་གཞུང་གིས་མུ་མཐུད་ཁ་བྲལ་ཞེས་༸གོང་ས་མཆོག་གཙོས་ཕྱི་ཕྱོགས་ཀྱི་བོད་མི་ཚོར་སྐྱོན་བརྗོད་བྱས་ཡོད་པ་དང་། དེ་མིན་བོད་ནང་ཕྱི་ཕྱོགས་ཀྱི་ཡུལ་སྐོར་བ་ཡོང་འཇུག་རྒྱུ་དང་བོད་དེ་བཞིན་འཛམ་གླིང་ལ་སྒོ་འབྱེད་རྒྱུ། ཕྱི་ལོ་ ༢༠༢༤ ལོའི་བོད་རང་སྐྱོང་ལྗོངས་ཟེར་བའི་ཐོན་སྐྱེད་ཀྱི་སྤྱི་འབོར་བརྒྱ་ཆ་ ༦།༣ ཡར་འཕར་སྟེ། རྒྱ་ནག་རྒྱལ་ཡོངས་ཀྱི་སྤྱི་འབོར་ལས་བརྒལ་ཡོད་པ་སོགས་བསྒྲགས་ཡོད་ན་ཡང་། སྔ་ལོའི་བོད་ལ་སྟོད་དིང་རིའི་ས་ཡོམ་དང་འབྲེལ་རྒྱལ་སྤྱིའི་སྟེང་རྒྱ་ནག་གཞུང་གིས་བོད་ནང་ཡར་རྒྱས་ག་ཚོད་བཏང་ཡོད་པ་དང་། བོད་མི་ཚོའི་འཚོ་གནས་དངོས་ཀྱི་ཐད་ཉམས་ཞིབ་པ་ཚོས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད། །
གསར་འགོད་པ། རྡོ་རྗེ་སྒྲོལ་མ།
རྩོམ་སྒྲིག་པ། བསྟན་འཛིན་པདྨ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།