བོད་རྒྱ་གྲོས་མོལ་བསྐྱར་གསོ་ཡོང་ཐབས་སུ་ཨ་རིས་རྒྱ་ནག་ལ་གནོན་ཤུཊ་ཆེན་པོ་སྤྲད་མི་འདུག
2019.06.20
ཨ་རིའི་གཞུང་ནས་རྒྱ་ནག་གཞུང་ལ་བོད་རྒྱ་གྲོས་མོལ་བསྐྱར་གསོ་ཡོང་ཐབས་སུ་གནོན་ཤུགས་ཆེན་པོ་སྤྲད་མེད་ལུགས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་གསུངས་འདུག
རྒྱལ་ས་ཝ་ཤིང་ཀྲོན་དུ་རྟེན་གཞི་བྱེད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་ཚེས་༡༩་འཁོད་སྤྱི་བསྒྲགས་ཞིག་སྤེལ་ཡོད་པ་དེའི་ནང་། ཨ་རིའི་སྲིད་འཛིན་ཌོ་ནཱལཌ་ཏྲམཔ་སྲིད་གཞུང་གིས་ཕྱི་ཟླ་ལྔ་པའི་ནང་། ཕྱི་ལོ་ ༢༠༡༨།༢༠༡༩ ལོའི་བོད་རྒྱ་གྲོས་མོལ་གྱི་གནད་དོན་ཐད་ཕྱག་ལས་ཇི་གནང་དང་འབྲེལ་བའི་སྐོར་ལོ་འཁོར་སྙན་ཐོ་ཞིག་ཨ་རིའི་གྲོས་ཚོགས་སུ་ཕུལ་བ་དེའི་ནང་། ཕྱི་ལོ་ ༢༠༠༢ ལོར་བོད་ཐོག་གི་ཨ་རིའི་སྲིད་བྱུས་ཀྱི་ཁྲིམས་ཡིག་གཏན་འབེབས་བྱས་པ་གཞིར་བཟུང་སྲིད་འཛིན་དང་ཕྱི་སྲིད་དྲུང་ཆེ་རྣམ་གཉིས་ནས་བོད་རྒྱ་གྲོས་མོལ་ཡོང་ཐབས་སུ་འབད་བརྩོན་གནང་པའི་ལས་སྡོམས་གྲོས་ཚོགས་སུ་སྙན་འབུལ་ཞུ་དགོས་ཀྱི་ཡོད་ཅིང་། ཕྱི་ཟླ་ལྔ་པའི་ཟླ་མཇུག་ཏུ་ཕུལ་བའི་སྙན་ཐོ་དེའི་ནང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡག་པོ་མེད་པ་དང། བོད་པའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་སྲུང་བརྩི་ཞུ་རྒྱུར་བརྩི་མེད་རྡོག་རོལ་བཏང་ཡོད་པ་བཅས་ཀྱི་གནས་ཚུལ་བཀོད་དེ་རྒྱ་ནག་གཞུང་ནས་གནད་དོན་དེ་དག་གི་ཐོག་ཡར་རྒྱས་གཏོང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་བཀོད་ཡོད་པ་ལས་ཨ་མི་རི་ཀའི་གཞུང་འབྲེལ་གྱི་དཔོན་རིགས་ཚོས་རྒྱ་ནག་གཞུང་གི་དཔོན་རིགས་རྣམས་མཇལ་འཕྲད་སྐབས་སུ་བོད་ཀྱི་དཀའ་རྙོག་སེལ་ཐབས་སུ་བོད་རྒྱ་གྲོས་མོལ་བསྐྱར་གསོ་ཡོང་ཐབས་ཀྱི་གནོན་ཤུགས་སྤྲད་མེད་ལུགས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གཙོ་འཛིན་སྐུ་ཞབས་མ་ཏེའོ་མེ་ཀཱ་ཅིས་གསུངས་འདུག
ཁོང་གིས། ཕྱི་ལོ་ ༢༠༡༧།༢༠༡༨ ཀྱི་དུས་ཡུན་དེའི་རིང་སྲིད་འཛིན་ཊརམཔ(Trump)་མཆོག་གི་དབུས་ཨ་རིའི་ཕྱི་སྲིད་དྲུང་ཆེ་རྣམ་པས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་པིང་དང་ཆེས་མཐོའི་མཇལ་འཕྲད་ཐེངས་བཞི་ཙམ་གནང་ཡོད་ཀྱང་།
མཇལ་འཕྲད་དེ་དག་སྐབས་སུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་གནང་ཡོད་པ་ལས་བོད་རྒྱ་གྲོས་མོལ་དགོས་པའི་སྐོར་བཀའ་མོལ་བྱུང་ཡོད་མེད་གསལ་ཁ་མེད་པ་གསུངས་འདུག