བོད་རྒྱ་ཐུན་མོང་གི་གཞི་རྟེན་འཚོལ་བའི་ཚོགས་འདུ།
2014.08.27
བོད་རྒྱ་མི་རིགས་མཉམ་འཛོམས་ཀྱིས་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་བའི་ཚོགས་འདུ་ཇར་མན་ནེར་ཚོགས་བཞིན་པ་རེད་འདུག
དེ་ཡང་ཚོགས་འདུ་གོ་བསྒྲིགས་ཚོགས་ཆུང་གིས་བཏང་གནང་བའི་གནས་ཚུལ་ནང་། ཁ་ས་ཕྱི་ཚེས་༢༦སྔ་དྲོ་གྲོང་ཁྱེར་ཧམ་བྷག་གི་GRAND ELYSEEམགྲོན་ཁང་དུ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པའི་བོད་རྒྱའི་ཚོགས་འདུ་སྐོང་ཚོགས་གནང་འདུག ཚོགས་འདུའི་དམིགས་ཡུལ་གཙོ་བོ་ནི། བོད་རྒྱ་མི་རིགས་གཉིས་མཉམ་འཛོམས་གནང་ནས་བོད་ཀྱི་གནད་དོན་སྐོར་ཕན་ཚུན་གླེང་སློང་གོ་བསྡུར་ཐོག་བོད་དོན་ཞི་བའི་སྒོ་ནས་ཐག་གཅོད་ཡོང་རྒྱུར་མཉམ་རུབ་ཀྱི་འགན་ཁུར་ཡོང་ཐབས་གནང་ཡོད་ཅིང་། ཡུ་རོབ་དང་། ཨ་རི། ཨེ་ཤི་ཡ། ཨོ་སི་ཊེ་རི་ལི་ཡ་བཅས་ནས་རྒྱ་རིགས་ཤེས་ཡོན་ཅན་དང་། དཔོན་རིགས། ལས་འགུལ་བ། རྩོམ་པ་པོ་སོགས་དང་། བོད་པའི་ཕྱོགས་ནས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག ཡུ་རོབ་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་སོགས་ཁྱོན་བསྡོམས་མི་གྲངས་༧༠ཙམ་ཚོགས་འདུར་མཉམ་ཞུགས་གནང་འདུག ལྷག་པར་དེ་རིང་ཕྱི་ཚེས་༢༧ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་བཅར་བ་ཡོངས་ལ་བཀའ་སློབ་སྩལ་གནང་མཛད་ཡོད་པ་དང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་རྒྱ་འབྲེལ་ལམ་དང་། དབུ་མའི་ལམ་སྐོར་གསུང་བཤད་དང་། བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་དགའ་བསུའི་གསུང་བཤད་གནང་ཡོད་པ་རེད། རྒྱ་རིགས་ཤེས་ཡོན་ཅན་ཚོས་རང་རང་སོ་སོའི་གནས་བབ་དང་མྱོང་བའི་ཐོག་ནས་རྒྱ་བོད་འབྲེལ་ལམ་གྱི་ལོ་རྒྱུས་གནས་ཚུལ་དང་། ད་ལྟའི་གནས་སྟངས། མ་འོངས་མདུན་ལམ་བཅས་ཀྱི་ཐོག་སོ་སོའི་བསམ་ཚུལ་སྟོན་འདུག ཡུ་རོབ་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་ནས་གསུང་བཤད་གནང་བའི་ནང་དོན་གཙོ་བོར། དེང་སང་འཛམ་གླིང་གི་ཕྱོགས་མང་པོ་ཞིག་གི་ནང་། དམག་འཁྲུག་དང་། དྲག་སྤྱོད་ཀྱི་གནས་ཚུལ་མང་པོ་ཞིག་ཡོད་བཞིན་པའི་དུས་ཚོད་འདིར་ང་ཚོ་རྒྱ་རིགས་དང་བོད་རིགས་གཉིས་དབར་ཞི་བའི་ཐོག་ནས་འདུམ་འགྲིག་ཡོང་ཐབས་སུ་དམིགས་ནས་འདི་ལྟབུའི་ཚོགས་འདུ་བསྐོངས་ཚོགས་གནང་ཐུབ་པ་དེ་ནི་དམིགས་བསལ་གལ་འགངས་དང་རླབས་ཆེན་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་། འོན་ཀྱང་བོད་ཀྱི་གནད་དོན་འདི་བཞིན་རྒྱུན་རིང་སེལ་མ་ཐུབ་པ་ཡིན་ན། མ་འོངས་པར་དཀའ་སྡུག་བཟོད་སྒོམ་མི་ཐུབ་པའི་གནས་སྟངས་ཞིག་ཏུ་གྱུར་མི་སྲིད་པ་མིན་སྟབས་འདི་ལྟབུའི་ཚོགས་འདུ་གལ་ཆེན་པོ་ཡིན་པར་དགོངས་བཞེས་ཀྱིས་དཀའ་ངལ་སེལ་ཐབས་ཀྱི་ཐབས་ལམ་ཐོག་དགོངས་འཆར་ལྷུག་པོ་ཡོང་རྒྱུའི་རེ་བ་ཡོད་ཅེས་གསུངས་འདུག ཡང་ཁོང་གིས་མུ་མཐུད་ནས། རྩ་བའི་འཚེ་མེད་ཞི་བའི་ལམ་དང་། གྲོས་མོལ་གྱི་ལམ་ནས་དཀའ་རྙོག་སེལ་ཐབས་ཀྱི་ལས་དོན་ལས་སླ་པོ་ཞིག་མ་རེད་ལ་ཚོགས་འདུ་འདིའི་ཐོག་ནས་ལམ་སེང་གྲུབ་འབྲས་ཐོན་པ་ཞིག་ཀྱང་ལམ་སེང་ཡོང་ཐབས་ཡོད་མ་རེད། ཡིན་ནའང་ང་ཚོ་བོད་རིགས་དང་རྒྱ་རིགས་གཉིས་ཀའི་ངོས་ནས་མ་འོངས་པར་གནས་ཚུལ་ཛ་དྲག་ཏུ་མི་འགྲོ་བའི་ཐབས་ཤེས་ངེས་པར་དུ་བྱེད་དགོས་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག དེ་འདྲ་ཡིན་དུས་ཐེངས་འདིའི་ཚོགས་འདུའི་ཐོག་ནས་ཕྱོགས་ཕན་ཚུན་དབར་འབྲེལ་ལམ་མུ་མཐུད་རྒྱུན་འཁྱོངས་ཡོང་ཐབས་ཀྱི་རྨང་གཞི་ཞིག་བཏིངས་ནས་གང་ལྟར་མི་རིགས་གཉིས་དབར་གྱི་དཀའ་ངལ་དེ་འ་འུབ་མི་འདུས་པ་ཞིག་མི་ཡོང་བའི་དགོངས་པ་བཞེས་དགོས་ཀྱི་འདུག་ཅེས་གསུངས་ནས་ཚོགས་བཅར་བ་ཚང་མར་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་རེད། ཚོགས་འདུ་གྲ་སྒྲིག་གནང་མཁན་བོད་མིའི་སྒྲིག་འཛུགས་དང་ཡུ་རོབ་དམིགས་བསལ་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་ངོས་ནས་ཚོགས་བཅར་བ་ཡོངས་ལ་དགོང་དྲོའི་གསོལ་སྟོན་དང་ཆབས་ཅིག་ཡུ་རོབ་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་གིས་རྒྱ་རིགས་ཚོགས་བཅར་བ་རྣམས་ལ་འཚམས་འདྲི་གནང་བ་དང་ཚོགས་འདུ་འདི་བརྒྱུད་ནས་བོད་རྒྱ་མི་རིགས་གཉིས་ནས་འཚེ་མེད་ཞི་བ་དང། དྲང་བདེན། རང་དབང་བཅས་ཀྱི་རིན་ཐང་གཞིར་བཞག་ཐོག་བོད་རྒྱ་མི་རིགས་གཉིས་ཀྱི་དབར་ཞི་འགྲིག་འཆམ་མཐུན་ཡོང་བའི་ཐུགས་རེ་གནང་འདུག
གསར་འགོད་པ་རིག་ལྡན་སྒྲོལ་མ་རིག་འཛིན་ཆོས་སྒྲོན