བོད་ཀྱི་ཆུའི་ཐོན་སྐྱེད་ཞེས་བར་མ་རྩ་མི་འཛུགས་རྒྱུའི་འབོད་སྐུལ།
2016.06.02
བོད་ཀྱི་ཆུའི་ཐོན་སྐྱེད་Tibet Water Resources Ltd་ཞེས་པའི་རྒྱ་ནག་གི་ཁེ་གཉེར་ལས་ཁང་གི་ཚོང་ལས་ཐོག་མ་རྩ་འཛུགས་འཇོག་བྱེད་མཁན་རྣམས་ཀྱིས་མ་རྩ་ཕྱིར་འཐེན་དགོས་པའི་འབོད་སྐུལ་གྱི་ལས་འགུལ་ཞིག་ཚེས་༢ཉིན་དབྱིན་ཇིའི་རྒྱལ་ས་ལོན་ཊོན་ནང་རྟེན་གཞི་བྱེད་པའི་བོད་རང་དབང་ལས་འགུལ་ཚོགས་པས་འགོ་བཙུགས་གནང་འདུག
དེ་ཡང་ཚེས༢་ཉིན་བོད་རང་དབང་ལས་འགུལ་ཚོགས་པས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང༌། བོད་ཀྱི་ཆུའི་ཐོན་སྐྱེད་ཞེས་པའི་ཁེ་གཉེར་ལས་ཁང་དེ་ཡིས་Tibet Spring5100་ཞེས་བོད་ཀྱི་ཆུ་བེད་སྤྱོད་བྱས་པའི་ཧ་ཅང་འགྲོ་རྒྱུགས་ཆེ་བའི་ཆུ་དམ་ཞིག་ཚོང་འགྲེམ་བྱེད་ཀྱི་ཡོད་པ་དང༌། རྒྱ་ནག་གི་ཁེ་གཉེར་ལས་ཁང་ཞིག་གིས་འདི་ལྟ་བུའི་འགྲོ་རྒྱུགས་ཆེ་བའི་ཆུ་དམ་ཚོང་འགྲེམ་བྱེད་བཞིན་པ་དེ་ཡིས་བོད་ཀྱི་ཆུའི་ཐོན་ཁུངས་ལ་ཉེན་ཁ་བཟོ་གཞི་ཞིག་ཡིན་པ་མ་ཟད། བོད་ཀྱི་རང་འབྱུང་ཐོན་སྐྱེད་ཚོང་གི་ཁེ་ཕན་ཆེད་དུ་བེད་སྤྱོད་ལོག་པར་བཏང་བ་ཞིག་ཀྱང་མཚོན་གི་ཡོད་པ་མ་ཟད། Tibet Water Resources Ltd་འམ་བོད་ཀྱི་ཆུའི་ཐོན་སྐྱེད་ཟེར་བའི་ཁེ་གཉེར་ལས་ཁང་དེ་ནི་རྒྱ་ནག་དབུས་གཞུང་གི་དཔོན་རིགས་དང་། ལས་ཁུངས་ཁག་ལའང་འབྲེལ་བ་ཆེན་པོ་ཡོད་པའི་ཚན་པ་ཞིག་ཡིན་པ་དཔེར་ན། ཁེ་གཉེར་ལས་ཁང་དེ་ཡིས་བཟོ་བསྐྲུན་བྱས་པའི་ཆུ་དམ་དེ་བཞིན་ད་བར་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་སྐབས་དང༌། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་བཅས་པའི་ཐོག་གཞུང་འབྲེལ་བེད་སྤྱོད་བྱེད་ཆོག་པ་བཟོས་ཡོད་པ་དང༌། དེ་བཞིན་རྒྱ་ནག་གི་རི་ལིའི་ནང་ཆུ་དམ་དེ་ཤུགས་ཆེན་པོ་བེད་སྤྱོད་གཏོང་བཞིན་ཡོད་པ་མ་ཟད། ཁེ་གཉེར་ལས་ཁང་དེར་རྒྱ་ནག་གཞུང་གིས་སྐྱེད་མེད་བུ་ལོན་ཡང་ཤུགས་ཆེན་པོ་གཏོང་གི་ཡོད་པ་བཅས་རྒྱ་ནག་དབུས་གཞུང་དང་འབྲེལ་ཐག་ཧ་ཅང་ཉེ་པོ་ཡོད་སྟབས། ཕྱི་ཕྱོགས་ནས་ཁེ་གཉེར་ལས་ཁང་དེའི་ཚོང་ལས་ཐོག་མ་རྩ་འཛུགས་འཇོག་མི་ཡོང་བ་དང༌། ད་ཆ་མ་རྩ་འཛུགས་འཇོག་བྱེད་མཁན་ཚོས་ཀྱང་ཕྱིར་འཐེན་གནང་དགོས་པའི་འབོད་སྐུལ་གྱི་ཞི་བའི་ངོ་རྒོལ་ལས་འགུལ་ཞིག་བོད་རང་དབང་ལས་འགུལ་ཚོགས་པའི་ཚོགས་མི་ཚོས་དེ་རིང་རྒྱ་ནག་གི་གོང་ཞུས་ཚོང་ལས་ཚན་པ་དེའི་ཐོག་མ་རྩ་འཛུགས་འཇོག་བྱེད་མཁན་དབྱིན་ཇིའི་རྒྱལ་ས་ལོན་ཊོན་དུ་ཡོད་པའི་Blackrock་ཚོང་ལས་ཚན་པའི་ལས་ཁུངས་མདུན་སྤེལ་འདུག་པ་མ་ཟད། ཡང་ཨ་རིའི་ཕྱི་སྲིད་དྲུང་ཆེ་John Kerry་ཡི་ནང་མིའི་ཐེབས་རྩ་ཞིག་གིས་ཀྱང་ཁེ་གཉེར་ལས་ཁང་དེའི་ཐོག་མ་རྩ་འཛུགས་འཇོག་བྱེད་བཞིན་ཡོད་སྟབས། John Kerry་ལའང་མ་རྩ་ཕྱིར་འཐེན་གནང་དགོས་པའི་ཞུ་ཡིག་ཞིག་ཕུལ་ཡོད་འདུག
གསར་འགོད་པ་ངག་དབང་ཆོས་འཕེལ།