ཨ་རིའི་རང་དབང་ཁང་པས་བོད་ནི་འཛམ་གླིང་ནང་རང་དབང་སྐྱོ་ཤོས་སུ་མིང་འདོན་བྱས་འདུག

ཨ་རིའི་རང་དབང་ཁང་པའི་ ༢༠༢༣ ལོའི་འཛམ་གླིང་གི་རང་དབང་གི་གནས་བབ་དང་འབྲེལ་བའི་ལོ་འཁོར་སྙན་ཐོ་བཏོན་པའི་ནང་བོད་འདི་རང་དབང་སྐྱོ་ཤོས་ཀྱི་ཡུལ་ལུང་ཨང་དང་པོར་མིང་འདོན་བྱེད་འདུག་ཅིང་། བོད་མིའི་རང་དབང་གི་གནས་བབས་ནི། བྱང་ཀོ་རི་ཡ་དང་། ཨཕ་གྷ་ནིསི་ཐན་ལས་སྡུག་པ་ཡོད་པ་གསལ་སྟོན་བྱས་འདུག
ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་རང་དབང་ཁང་པས་ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༩ ཉིན་འཛམ་གླིང་ནང་གི་རྒྱལ་ཁབ་དང་ཡུལ་ལུང་སོ་སོའི་རང་དབང་དང་མང་གཙོའི་གནས་བབ་གསལ་བའི་ཕྱི་ལོ་ ༢༠༢༣ གྱི་ལོ་འཁོར་སྙན་ཐོ་ཤོག་གྲངས་ ༣༨ ཅན་ཞིག་འདོན་སྤེལ་བྱས་ཡོད་ཅིང་། རྒྱ་ནག་ནི་འཛམ་གླིང་ནང་ཆབ་སྲིད་དང་སྤྱི་དམངས་ཀྱི་རང་དབང་བརྡལ་བཤིག་གཏོང་མཁན་ཆེས་སྡུག་ཤོས་གྲས་སུ་མིང་འདོན་བྱས་འདུག
བོད། འཛམ་གླིང་ནང་རང་དབང་མེད་པ་ས་ཁུལ་སྐྱོ་ཤོས།
ཨ་རིའི་རང་དབང་ཁང་པའི་སྙན་ཐོ་ཕྱོགས་སྒྲིག་གནང་མཁན་རྩོམ་བྲིས་པ་ Yana Gorokhovskaia (ཡ་ན་ཛ་རོབསི་ཁཡེཡ་) ལགས་ཀྱིས། ཚོགས་པའི་ཞིབ་འཇུག་གི་སྙན་ཐོ་འདིའི་ནང་བོད་དང་ཧོང་ཀོང་གཉིས་རྒྱ་ནག་ནས་ཐ་དད་ཁག་ཁག་སོ་སོར་དབྱེས་ཏེ་གྲུབ་དོན་ཁག་གསལ་སྟོན་བྱས་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། ཁོང་གིས། འཛམ་གླིང་སྤྱི་ཡོངས་ཀྱི་གནས་སྟངས་ལྟར་བོད་ནང་དུའང་རང་དབང་གི་གནས་སྟངས་སྡུག་ཏུ་སོང་སྟེ་འདི་ལོ་གྲངས་ཐོའི་ཨང་ཀི་ཐོབ་བབ་ལོ་སྔོན་མ་ཁག་བཞིན་གནས་པ་ལས་འགྱུར་བ་མེད་པ་གསུངས་པ་དང་སྦྲགས། རྒྱ་ནག་གཞུང་གི་བཀོད་བྱུས་ཤེས་ཡོན་སློབ་གསོའི་ལམ་ལུགས་ནང་བོད་པའི་ཕྲུ་གུ་ཚོར་རང་གི་ཕ་སྐད་མ་ཡིན་པའི་སྐད་ཡིག་གཞན་ཞིག་གི་ནང་སློབ་ཁྲིད་བྱེད་བཞིན་པ་ཐེར་འདོན་གྱིས། རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་རང་དབང་བརྡལ་བཤིག་མུ་མཐུད་གཏོང་གི་ཡོད་པའི་གནས་ལུགས་སྙན་ཐོའི་ནང་གསལ་སྟོན་བྱས་ཡོད་པ་གསུངས་བྱུང་།
འདི་ལོའི་སྙན་ཐོའི་ནང་ད་དུང་། བོད་ཐོག་ཆབ་སྲིད་ཀྱི་དབང་ཆ་འཛིན་མཁན་རྒྱ་ནག་གི་འགོ་ཁྲིད་ཚོས་སྟངས་འཛིན་ནན་པོ་བྱེད་པ་བརྒྱུད་ས་ཁུལ་མི་རིགས་ཀྱི་ངོ་བོ་འབུར་ཐོན་གྱི་རྣམ་པ་ཡོངས་སུ་མེད་པ་བཟོ་ཐབས་བྱེད་པའི་སྲིད་བྱུས་ཁག་ལ་དབྱེ་ཞིབ་བྱེད་ཚེ། རྒྱ་ནག་གིས་བོད་ནང་མི་རིགས་རྩ་མེད་བཟོ་བའི་སྲིད་བྱུས་ལག་བསྟར་བྱེད་ཀྱི་ཡོད་པའི་གྲུབ་དོན་བརྙེད་པ་འདི་ནི་སེམས་འཚབ་ཀྱི་རང་བཞིན་ཞིག་ཡིན་པ་བཀོད་འདུག
བོད་ནང་ Forced ethnic change ཞེས་རྒྱ་ནག་གཞུང་གིས་བཙན་ཤེད་སྒོ་ནས་མི་རིགས་གྱི་ངོ་བོ་བསྒྱུར་ཐབས་ཀྱི་བྱ་ཐབས་གཙོ་བཟུང་བྱེད་པ་འདི་ནི། རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་བྱུས་ཤིག་ཡིན་པ་ཉམས་ཞིབ་པ་ Yana Gorokhovskaia (ཡ་ན་ཛ་རོབསི་ཁཡེཡ་) ལགས་ཀྱིས་གསུངས་བྱུང་ལ། འདི་ནི་དམིགས་བཀར་བོད་དང་། ཤིན་ཅང་། སོག་ཡུལ་ནང་སོག་བཅས་ཀྱི་རིག་གཞུང་དང་ས་ཁོངས་ཀྱི་ངོ་བོ་བཅས་པ་གཏོར་བརླག་ཏུ་གཏོང་རྒྱུའི་རྒྱ་ནག་གི་ཐབས་ལམ་ཞིག་ཡིན་པ་སྙན་ཐོའི་ནང་གསལ་བཤད་བྱས་འདུག
རྒྱ་ནག་ནི་ཆབ་སྲིད་དང་སྤྱི་མང་གི་རང་དབང་བརྡལ་བཤིག་གཏོང་མཁན་ཆེས་སྡུག་ཤོས།
སྙན་ཐོའི་ཞིབ་འཇུག་གི་གྲུབ་དོན་ལྟར་ན། འཛམ་གླིང་སྤྱིའི་རང་དབང་དང་མང་གཙོའི་གནས་བབ་འདས་པའི་ལོ་བཅུ་བདུན་རིང་ཇེ་སྡུག་ཏུ་སོང་པ་སྙན་ཐོའི་ནང་བཀོད་འདུག་ཅིང་། འདི་ལོ་འཛམ་གླིང་ནང་རང་དབང་ཆེས་ཞེན་པའི་རྒྱལ་ཁབ་ ༥༧ མིང་དོན་བྱས་པའི་ཁོངས་ནས་རྒྱ་ནག་ནི་སྤྱི་དམངས་དང་ཆབ་སྲིད་ཀྱི་རང་དབང་མེད་སའི་ཡུལ་གྲུ་གཙོ་བོའི་གྲས་སུ་སླར་ཡང་བཞག་འདུག་ལ། རྒྱ་ནག་དང་མཡན་མར་རམ་སྦར་མའི་དྲག་པོའི་གཞུང་གི་བྱེད་བབས་མཚུངས་བསྡུར་གྱིས། སྦར་མའི་དྲག་པོའི་གཞུང་དེས་ཡུལ་དེའི་ནང་གི་རོ་ཧིན་གྱ་མི་རིགས་ཐོག་དྲག་རྩུབ་ཆེ་ཤོས་བེད་སྤྱད་དེ་མི་རིགས་བྱེ་བྲག་པ་དེ་ཡོངས་སུ་ཕྱིར་འབུད་གཏོང་བཞིན་པའི་བྱ་སྤྱོད་གཅིག་མཚུངས་རྒྱ་ནག་གིས་གྲངས་ཉུང་མི་རིགས་ཐོག་བཟུང་བའི་སྲིད་བྱུས་ཀྱང་དེ་དང་མཚུངས་པ་ཡིན་པ་བརྗོད་འདུག

ཨ་རིའི་རང་དབང་ཁང་པས་ཕྱི་ལོ་ ༡༩༧༣ ལོར་གོ་ལའི་ཉམས་ཞིབ་ཀྱི་སྙན་ཐོ་འདོན་ཐེངས་དང་པོ་བཏོན་པའི་སྐབས། རྒྱལ་ཁབ་ ༡༤༨ ནང་ནས་རྒྱལ་ཁབ་ ༤༤ ལ་རང་དབང་ཡོད་པ་གསལ་ཡོད་པ་དང་། ལོ ༥༠ རྗེས་གོ་ལའི་ནང་རྒྱལ་ཁབ་ ༡༩༥ ཁོངས་ནས་རྒྱལ་ཁབ་ ༨༤ རང་དབང་ལྡན་ཡོད་པའི་ཁོངས་སུ་བཞག་འདུག འདི་ནི་སྤྱི་ཡོངས་བརྒྱ་ཆའི་ཆ་ནས་ལོ་ལྔ་བཅུའི་གོང་དང་བསྡུར་ན་འཛམ་གླིང་ཁྱོན་ཡོངས་ཀྱི་ནང་རང་དབང་གི་གནས་བབས་ཡར་རྒྱས་ཕྱིན་ཡོད་པ་བསྟན་ཡོད་ནའང་། འདས་པའི་ལོ་ངོ་ ༡༧ རིང་རང་དབང་གི་གནས་བབ་ཇེ་སྡུག་ཏུ་སོང་བ་དང་། མང་གཙོའི་གནས་བབ་ལ་ཉམས་རྒུད་ཕྱིན་པ་དབྱེ་ཞིབ་བྱས་འདུག
རང་དབང་ཁང་པའི་སྙན་ཐོའི་ནང་ལོ་ལྟར་བཞིན་རང་དབང་ཆ་ཚང་ལྡན་པ་དང་། ཆ་ཤས་ཙམ་གྱི་རང་དབང་ལྡན་པ། རང་དབང་མི་ལྡན་པ་ཞེས་སྡེ་ཁག་གསུམ་དུ་དབྱེས་པའི་ནང་། ༢༠༢༣ ལོར་རྒྱ་ནག་དང་ཀྱུ་པ། ཨི་རན་དང་ཨཧྥ་གྷ་ནིསི་ཐན་སོགས་རང་དབང་མི་ལྡན་མཁན་གྱི་རྒྱལ་ཁབ་ ༥༧ དང་ས་ཁུལ་ ༡༠ ། ཡང་རང་དབང་ཆ་ཤས་ཙམ་ལྡན་པའི་རྒྱལ་ཁབ་ཧྥི་ལི་པིནསི། མ་ལེ་ཤེ་ཡ། ཀོ་སོ་ཝོ་སོགས་ ༥༤ དང་ས་ཁུལ་ ༤ ། རང་དབང་ཆ་ཚང་ལྡན་པ་ཨ་རི་དང་དབྱིན་ཡུལ། ཨའོསི་ཊརེ་ལི་ཡ་སོགས་རྒྱལ་ཁབ་ ༨༤ དང་ས་ཁུལ་ ༡ བཅས་མིང་འདོན་བྱས་འདུག
ཨ་རིའི་རང་དབང་ཁང་པ་ནི་འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་དང་། གཞི་རྩའི་རང་དབང་། མང་གཙོའི་གནས་བབ་བཅས་ཀྱི་ཐོག་ལ་ཉམས་ཞིབ་གནང་མཁན་གྱི་འཛམ་གླིང་ནང་གི་ལྟ་ཞིབ་ཚོགས་པ་གྲགས་ཅན་ཞིག་ཡིན་པ་རེད།
གསར་འགོད་པ་དང་རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག