རྒྱ་ནག་གཞུང་གིས་བོད་ནང་ཆབ་སྲིད་ཀྱི་རྣམ་པ་ལྡན་པའི་ལས་འགུལ་སྤེལ་འདུག

2021.03.29
རྒྱ་ནག་གཞུང་གིས་བོད་ནང་ཆབ་སྲིད་ཀྱི་རྣམ་པ་ལྡན་པའི་ལས་འགུལ་སྤེལ་འདུག བོད་ཀྱི་རྒྱལ་ས་ལྷ་སར། ༣།༢༨།༢༡
Chinese State Media

བོད་ནང་ཡར་ལངས་ཞིང་བྲན་ཟེར་བར་བཅིངས་འགྲོལ་བཏང་པའི་དྲན་གསོ་ཟེར་བའི་ཆབ་སྲིད་ཀྱི་དམིགས་ཡུལ་ལྡན་པའི་ལས་འགུལ་ཞིག་སྤེལ་ཡོད་འདུག སྤྱི་ལོ་༢༠༠༩ལོར་ཡར་ལངས་ཞིང་བྲན་ཟེར་བར་བཅིངས་འགྲོལ་བཏང་པའི་ཉིན་མོ་ཟེར་བ་ཞིག་རྒྱ་ནག་དམར་ཤོག་གཞུང་གིས་གསར་དུ་གཏན་འབེབས་བྱས་ཤིང་། ལོ་ལྟར་ཟླ་༣ཚེས་༢༨ཉིན་དམག་ཤོག་གི་ཆབ་སྲིད་ཀྱི་སློབ་གསོ་སྤེལ་བའི་ཉིན་མོ་ཞིག་ཏུ་གྱུར་ཡོད། དེ་ཉིན་གཟའ་ཉི་མའི་གུང་གསེང་འཁེལ་ཡང་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གི་གྲོང་ཁྱེར་དང་ས་གནས་ཡོངས་རྫོགས་སུ་སྔ་དྲོ་དུས་ཚོད་གཅིག་གི་ཐོག་རྒྱ་ནག་གི་རྒྱལ་གླུ་བཏང་ཞིང་རྒྱ་ནག་གི་རྒྱལ་དར་བསྒྲེངས་འཛུགས་ཀྱི་བྱེད་སྒོ་ཞིག་སྤེལ་བ་དང་། རང་སྐྱོང་ལྗོངས་ཟེར་བའི་ཐད་གཏོགས་ལས་ཁུངས་ཁག་དང་བཅིངས་འགྲོལ་དམག་གི་དམག་དཔུང་། དྲག་ཆས་ཉེན་རྟོག་དམག་མི། སློབ་གྲྭ་ཁག་གི་སློབ་ཕྲུག་དང་། ཐ་ན་གྲོང་མི་མང་ཚོགས་དཀྱུས་མ་དང་རྒས་ཡོལ་ཞུས་པའི་མི་སྣ། ཆོས་ཕྱོགས་ཀྱི་མི་སྣ་སོགས་ཁྱོན་མི་གྲངས་ཆིག་སྟོང་ཙམ་མཉམ་ཞུགས་བྱེད་བཅུག་འདུག ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། གལ་ཏེ། མཉམ་ཞུགས་མ་བྱས་ཚེ་ཆབ་སྲིད་ཀྱི་གནད་དོན་ཡིན་པ་གོང་རིམ་ནས་བཙན་བཀའ་བཏང་འདུག
ས་གནས་ཀྱི་བོད་མི་ཞིག་གིས། ཉིན་མོ་འདི་ནི་སྤྱི་ལོ་༢༠༠༨ལོར་བོད་ས་ཡོངས་སུ་བོད་པའི་མི་རབས་གསར་པ་དང་ལྷག་པར་དུ་བོད་ཀྱི་ཞིང་འབྲོག་མང་ཚོགས་གཙོ་བོར་གྱུར་པའི་བོད་མི་མང་ཚོགས་དཀྱུས་མས་མཉམ་ཞུགས་བྱས་པའི་རྒྱ་ནག་དམར་ཤོག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེ་ཤོས་དེ་བྱུང་བར་རྗེས་ཏེ། ༢༠༠༩ལོའི་ཟླ་༣ཚེས་༢༨ཉིན་རྒྱ་ནག་དམར་ཤོག་གཞུང་གིས་རྣོ་ངར་གྱི་ཟླ་བ་གསུམ་པ་དེའི་ནང་ཆབ་སྲིད་ཀྱི་དམིགས་ཡུལ་གཟབ་པོ་ལྡན་པའི་བོད་ལ་ཡར་ལངས་ཞིང་བྲན་ཟེར་བར་བཅིངས་འགྲོལ་བཏང་པའི་ཉིན་མོ་ཟེར་བ་དེ་གཏན་འབེབས་བྱས་པ་ཞིག་ཡིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་བྱུང་། བོད་མི་དེའི་བདེ་འཇགས་སྲུང་སྐྱོབ་ཆེད་མིང་འབོད་ཞུ་གི་མེད།
ཁ་སང་གི་བྱེད་སྒོ་དེའི་སྐབས། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཟེར་བའི་གཙོ་འཛིན་ཆེ་དགྲ་ལྷས་གཏམ་བཤད་བྱས་པའི་བརྙན་པར་ཞིག་རྒྱ་ནག་གཞུང་འབྲེལ་གྱིས་འགྲེམ་སྤེལ་བྱས་འདུག་པ་དེའི་ནང་། ལོ་ངོ་སུམ་བརྒྱ་དྲུག་བཅུ་ལྷག་གི་ལོ་རྒྱུས་ལྡན་པའི་བོད་གཞུང་དགའ་ལྡན་ཕོ་བྲང་ལ་སྐྱོན་བརྗོད་དང་དམའ་འབེབས་བྱས་པའི་ཐོག་བོད་ལ་ཞི་བའི་བཅིངས་འགྲོལ་བཏང་ལུགས་སོགས་བརྗོད་འདུག བོད་གནས་ཉམས་ཞིབ་པ་ཚོས་ཆེ་དགྲ་ལྷའི་གཏམ་བཤད་དེའི་ནང་། ལོ་རབས་ལྔ་བཅུ་ནས་འགོ་བཙུགས་པའི་བོད་ཀྱི་མདོ་དབུས་ཁམས་ནང་རྒྱ་ནག་དམར་ཤོག་གཞུང་གིས་བོད་མི་དམར་གསོད་དང་ཁྱིམ་གཞིས་སྟོང་བཅུག་པ། གཞན་ཡུལ་དུ་བཙན་བྱོལ་དུ་སྐྱོད་དགོས་བྱུང་པ། དེ་བཞིན་མི་རབས་གསར་པའི་རང་དབང་འཐབ་རྩོད་ཀྱི་ཆབ་སྲིད་ཀྱི་ལས་འགུལ་རབ་དང་རིམ་པའི་ཁྲོད་དྲག་གནོན་དང་ཆབ་སྲིད་བཙོན་པ་མང་ཤོས་སུ་གྱུར་པའི་བོད་ཀྱི་ས་ཆའི་ནང་མུ་མཐུད་བོད་མིའི་ཆོས་དང་རིག་གཞུང་ལ་གཏོར་བཤིག་བཏང་བཞིན་ཡོད་པ་མ་ཟད། ད་དུང་བོད་པ་བོད་ཀྱི་ས་ཆའི་ནང་སྐྱོད་རྒྱུར་ཡང་བཀག་འགོག་ནན་པོ་བྱེད་བཞིན་ཡོད་པ་སོགས་ཀྱི་གནས་སྟངས་རྩ་བ་ནས་གླེང་མེད་པར་སྐྱོན་བརྗོད་དང་། ཁོ་པའི་གཏམ་བཤད་དེ་དག་ནི་བོད་རྒྱ་ནག་གི་བཙན་བཟུང་བྱས་པ་ནས་བཟུང་བོད་མི་ས་ཡ་གཅིག་ལྷག་རྐྱེན་ལམ་དུ་བཏང་པ་དང་། བོད་ཀྱི་རིག་གཞུང་གི་ལྟེ་གནས་དགོན་པ་དང་ལྷ་ཁང་སྟོང་ཕྲག་མང་པོ་རྩ་མེད་བཏང་པ། བོད་ཀྱི་རྩ་ཆེའི་གཏེར་ཁ་གྲངས་མེད་བསྔོགས་འདོན་དང་། བོད་ཀྱི་ཤིང་ནགས་ལོ་ངོ་བཅུ་ཕྲག་མང་པོའི་རིང་གཅོད་བྲེགས་བྱས་པ་སོགས་བོད་ཀྱི་གནོད་བཅུད་གཉིས་ཀར་ལོ་རྒྱུས་ནང་བྱུང་མ་མྱོང་བའི་གོད་ཆགས་ཚབས་ཆེ་བཟོས་པའི་དངོས་ཡོད་གནས་ཚུལ་ལ་འཁྱོགས་བཤད་བྱས་པ་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
ཡང་ཆེ་དགྲ་ལྷའི་གཏམ་བཤད་ནང་བོད་འདི་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་དང་མེས་རྒྱལ་གྱི་ས་ཆ་ཆུང་ངུ་ཞིག་ཀྱང་ཁ་བྲལ་དུ་གཏོང་རྒྱུ་མིན་པས། མཐའ་མཚམས་སྲུང་སྐྱོབ་དང་བརྟན་ལྷིང་ལ་སྲུང་སྐྱོབ་བྱེད་རྒྱུ་འདི་ལས་དོན་གྱི་ཨང་དང་པོར་འཇོག་དགོས་པ། དམར་ཤོག་ཚོགས་པའི་ལོ་རྒྱུས་གཏིང་ཟབ་སྤེལ་རྒྱུ། རྒྱ་ནག་དམར་ཤོག་ལ་བསམ་པ་རྣམ་དག་དགོས་པ། བོད་བརྒྱུད་ནང་བསྟན་འདི་བཞིན་རྒྱ་ནག་ཅན་དུ་གྱུར་བའི་དམིགས་ཡུལ་དོར་ཐབས་མེད་པ་སོགས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་སྐོར་གྱི་ཚོགས་འདུ་ཐེངས་བདུན་པའི་ཐོག་གཏན་འབེབས་བྱས་པ་ཁག་ལག་བསྟར་དོན་འཁྱོལ་བྱེད་དགོས་སྐོར་བརྗོད་ཡོད་པ་རེད།
བོད་གནས་ཉམས་ཞིབ་པ་ཚོས་རྒྱ་ནག་གཞུང་གིས་འདས་པའི་ལོ་དྲུག་བཅུ་ལྷག་དེའི་རིང་བོད་ནང་དྲག་གནོན་ཇེ་ཆེ་དང་བོད་མིའི་རང་དབང་འཕྲོག་ཇེ་ཆེ་བྱེད་པའི་དུས་ཚོད་དེའི་རིང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་འོག་བཙན་བྱོལ་ནང་ཡོད་པའི་བོད་མིའི་སྤྱི་ཚོགས་ནི་དེང་རབས་ཀྱི་སྤྱི་ཚོགས་འཕེལ་རིམ་དང་མཐུན་པའི་གོམ་པ་སྤོས་ཀྱིས། ད་ཆ་བཙན་བྱོལ་ནང་གི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བོད་མིའི་ཆབ་སྲིད་ཀྱི་འགོ་ཁྲིད་ཁག་མི་དམངས་ཀྱི་འོས་འདེམས་བྱེད་པའི་དམངས་གཙོའི་ལམ་ལུགས་ཚད་ལྡན་ཞིག་གི་ཐོག་བསྐྱོད་བཞིན་པའི་གྲུབ་འབྲས་ཆེན་པོ་ཞིག་ལོན་ཡོད་པ་བརྗོད་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎