བོད་ནང་འདས་པའི་ལོ་ནི་དམ་བསྒྲགས་ཆེ་ཤོས་ཡིན་ལུགས།
2012.03.14
༄༅༎ཕྱི་ལོ་ཉིས་སྟོང་བརྒྱད་ལོར་བོད་མདོ་དབུས་ཁམས་ཀྱི་ས་ཁུལ་མང་པོའི་ནང་བོད་མི་ཚོས་རྒྱ་ནག་གཞུང་གི་དབང་བསྒྱུར་ཞི་རྒོལ་བྱས་ནས་ རྒྱ་ནག་གཞུང་ཕྱོགས་ནས་ཞི་རྒོལ་བ་ཚོའི་ཐོག་དྲག་གནོན་བྱས་ནས་བོད་ཀྱི་རྒྱལ་ས་ལྷ་ས་གཙོ་བོར་གྱུར་བའི་བོད་ས་ཡོངས་སུ་དྲག་པོའི་དམ་དྲག་ཤུགས་ཆེ་བྱས་ནས་ལོ་ངོ་བཞིའི་རྗེས་ཀྱི་ད་ལོ་ནི་བོད་ནང་རྒྱ་ནག་གཞུང་གིས་དམ་བསྒྲགས་བྱེད་ཡས་ཤུགས་ཆེ་ཤོས་ཤིག་ཡིན་པ་དང་ ལྷག་པར་དུ་ ཉེ་བའི་ཆར་བོད་མི་རང་ལུས་མེར་བསྲེག་གཏོང་མཁན་མང་ཤོས་བྱུང་སའི་ཨ་མདོ་རྔ་པ་ཁུལ་དུ་ དེ་བས་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་པའི་སྐོར་ཨེ་ཨེཕ་པི་ཞེས་པའི་གསར་འགྱུར་བརྒྱུད་ལམ་གྱི་གསར་འགོད་པ་ཞིག་ཉིན་ཤས་གོང་གསང་བའི་ཐོག་ནས་རྔ་པ་ཁུལ་དུ་བསྐྱོད་ཐུབ་ཏེ་གཟའ་ཉི་མའི་ཉིན་གནས་ཚུལ་མཐོང་ཐོང་བྱུང་བ་རྣམས་ཕྱིར་སྤེལ་བྱས་ཡོད་པའི་ནང་འཁོད་འདུག
གསར་འགོད་པ་དེས་སྤེལ་བའི་གནས་ཚུལ་ནང་འཁོད་པར་གཞིགས་ན་ རྔ་པ་ཁུལ་དུ་དྲག་ཆས་དང་མེ་མདའ་འཁྱེར་བའི་དམག་མི་བརྒྱ་ཕྲག་ཁ་ཤས་ཀྱིས་ལམ་ཁའི་ཐོག་བསྐོར་གཡེངས་དང་ལྟ་སྲུང་བྱེད་བཞིན་ཡོད་པ་དང་ གཟའ་ཉི་མའི་ཉིན་ས་གནས་དེའི་ནང་ཚོང་ཁང་ཁག་ཡང་སྒོ་ཕྱེ་ནས་ མི་རྣམས་ཁྲོམ་གཞུང་དུ་ཕར་འཚུར་འོང་བྱེད་མཁན་ཡོད་ཀྱང་ ལམ་ཆེན་ཚང་མ་བཀག་ནས་མོ་ཊ་སོགས་གཏོང་གི་མེད་པ་དང་ རྔ་པ་ཁུལ་གྱི་གནས་སྟངས་དེ་ཧ་ཅང་གི་ཛ་དྲག་ཡོད་པ་དང་ ས་གནས་ཉེན་རྟོག་པ་རུས་མིང་ཅང་ཞེས་པ་ཞིག་གིས་ཨེ་ཨེཕ་པི་གསར་འགྱུར་ལས་ཁང་གི་གསར་འགོད་པར་ སྤྱི་ཟླ་གསུམ་པ་དེ་བཞན་བོད་མིའི་ས་ཁུལ་ཁག་ནང་ཧ་ཅང་གི་འཚོར་བ་རྣོ་བའི་དུས་ཚོད་ཤིག་ཡིན་པ་དང་ གསར་འགོད་པ་ཁོང་ ས་གནས་དེའི་ནང་འདོད་ཆོག་གི་མེད་པས་ངེས་པར་དུ་མགྱོགས་མྱུར་གྲང་ཏུར་ཕྱིར་ལོག་དགོས་པ་བརྗོད་ཡོད་འདུག དེ་བཞིན་ཕ་རན་སི་གསར་འགྱུར་བརྒྱུད་ལམ་གྱི་གསར་འགོད་པ་ཁོང་གིས་མཚོ་སྔོན་ཞིང་ཆེན་ཁོངས་གཏོགས་ཀྱི་སྐུ་འབུམ་དགོན་པའི་ནང་ཕེབས་པའི་སྐབས་ དགོན་པ་དེའི་དགེ་འདུན་སྟོང་ཕྲག་བརྒལ་བ་ཡོད་པ་རྣམས་ལ་ཡང་དམ་བསྒྲགས་བཀག་སྡོམ་ནན་པོ་བྱས་ནས་ དགེ་འདུན་པ་ཚོར་བཙན་དབང་ཐོག་ནས་ཆབ་སྲིད་སློབ་གསོའི་ཟེར་བའི་ལས་འགུལ་ནང་བཞུགས་བཅུག་གི་ཡོད་པ་མིང་འབོད་གནང་འདོད་མེད་པའི་དགེ་འདུན་པ་ཞིག་གི་འགྲེལ་བརྗོད་གནང་ཡོད་འདུག