ལེའུ་ཤུའུ་ལན་ཨི་ཇིཕིཏ་ནང་འགྲོ་རྒྱུར་རྒྱ་ནག་ནས་བཀག་འགོག
2009.11.01
༄༅༎ཐེ་ལྦན་གྱི་སྲིད་འཛིན་སྐུ་གཞོན་ཟུར་པ་ཨི་ཇིཕིཏ་ཡུལ་གྲུའི་ནང་དུ་ཚོགས་པའི་རྒྱལ་སྤྱིའི་ཚོགས་འདུ་ཞིག་ཐོག་ཚོགས་ཞུགས་གནང་རྒྱུར་རྒྱ་ནག་གཞུང་གིས་བཀག་འགོག་བྱས་པར་ཁོང་གིས་རྒྱ་ནག་གི་བྱ་སྤྱོད་ལ་སྐྱོན་བརྗོད་གནང་ཡོད་པ་རེད།
དེ་རིང་རེས་གཟའ་ཉི་མའི་ཉིན་ཧོང་ཀོང་ནང་གི་ཨེ་པཱལ་ཉིན་རེའི་ཚགས་པར་ཐོག་ལ་དེ་སྔོན་ཕྱི་ལོ་ཉིས་སྟོང་ནས་ཉིས་སྟོང་བརྒྱད་བར་སྲིད་འཛིན་ཟུར་པ་གྲན་ཧྲུའེ་བེན་གྱིས་ཐེ་ལྦན་གྱི་གཞུང་འཛིན་གནང་བའི་སྐབས་ཀྱི་སྲིད་འཛིན་སྐུ་གཞོན་ལྕམ་ལེའུ་ཤུའུ་ལན་ད་རེས་ཀྱི་གཟའ་མཇུག་ཏུ་ཨི་ཇིཕིཊ་རྒྱལ་ས་ཁའེ་རཱོ་ནང་དུ་ཚོགས་པའི་རྒྱལ་སྤྱིའི་རང་དབང་གི་ལྷན་ཚོགས་ཐོག་ལ་གསུང་བཤད་གནང་རྒྱུའི་མཛད་རིམ་ཡོད་པ་དང་ཁོང་ཨི་ཇིཕིཏ་ཏུ་ཕེབས་རྒྱུའི་ཕྱག་འཁྱེར་ཐོག་ལ་ཐོངས་མཆན་ཡོད་ཀྱང་ཨི་ཇིཕིཏ་དཔོན་རིགས་ནས་ཁོང་ཨི་ཇིཕིཏ་རྒྱལ་ཁབ་ནང་འཛུལ་ཞུགས་ཆོག་གི་མ་རེད་ཅེས་གསུང་ཡོད་པ་རེད། དེར་བརྟེན་ཁོང་གིས་རྒྱ་ནག་ཕྱོགས་ནས་གནོན་ཤུགས་སྤྲད་དེ་བཀག་འགོག་བྱས་པ་ཞིག་རེད་ཅེས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་གནང་བ་མ་ཟད་ཁོང་ད་དུང་ད་རེས་ཨི་ཇིཕིཏ་ཡུལ་དུ་ཕེབས་ཐུབ་པ་ཡིན་ཚེ་ཨི་ཇིཕིཏ་བརྒྱུད་དེ་ཐའེ་ལེན་ཌི་དུ་འཚམས་འདྲིར་ཕེབས་རྒྱུའི་མཛད་རིམ་ཡོད་ཀྱང་ཐའེ་ལེན་ཌི་གཞུང་གིས་ཀྱང་ཁོང་ཐའེ་ལེན་ཌི་རྒྱལ་ཁབ་ནང་དུ་འཛུལ་ཞུགས་མི་ཆོག་པའི་བཀག་འགོག་བྱས་པ་དེར་རྒྱ་ནག་གི་གནོན་ཤུགས་ལ་མགོ་མགུར་བྱས་པ་རེད་ཅེས་ཐའེ་ལེན་ཌི་གཞུང་ལའང་སྐྱོན་བརྗོད་གནང་ཡོད་པ་རེད།
རྒྱ་ནག་དང་ཐེ་ལྦན་བར་གྱི་འབྲེལ་ལམ་ཛ་དྲག་ཏུ་འགྲོ་བའི་དུས་སྐབས་དེ་ནི་ཐེ་ལྦན་རང་བཙན་རྩོད་ལེན་གནང་མཁན་ཐེ་ལྦན་དམངས་གཙོ་ཡར་རྒྱས་ཚོགས་པས་མི་ལོ་བརྒྱད་རིང་གཞུང་འཛིན་པའི་རིང་ལ་ཐེ་ལྦན་རང་བཙན་ཐོག་ལ་མཐའ་ཅིག་ཏུ་མདུན་བསྐྱོད་བྱས་ཡོད་ཅིང་ཡིན་ནའང་ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་ཕྱི་ཟླ་ལྔ་པའི་ནང་དམངས་གཙོ་ཡར་རྒྱས་ཚོགས་པའི་གཞུང་འཛིན་ལས་ཡུན་མཇུག་སྒྲིལ་ཏེ་ཐེ་ལྦན་གོ་མིང་ཏང་གིས་གཞུང་འཛིན་གནང་བ་ནས་བཟུང་ད་ལྟའི་འཆར་ཐེ་ལྦན་དང་རྒྱ་ནག་གི་འབྲེལ་ལམ་ཡར་རྒྱས་ཕྱིན་པའི་རྣམ་པ་ཡོད་ཀྱང་རྒྱ་ནག་གཞུང་གིས་ཐེ་ལྦན་ཐོག་དྲག་པོའི་རྒོལ་རྡུང་གཏོང་ཆོག་གིས་མེ་ཤུགས་འཕུར་མདེལ་ཁ་གཏད་དེ་འགྲེམས་འཇོག་བྱས་པ་རྣམས་ཕྱིར་བསྡུ་བྱས་མེད་པ་མ་ཟད་ད་དུང་མང་དུ་གཏོང་གི་ཡོད་པའི་གནས་ཚུལ་ཐོན་བཞིན་པ་དེ་ནི་ཐེ་ལྦན་དང་རྒྱ་ནག་གི་འབྲེལ་ལམ་མུ་མཐུད་ཡར་རྒྱས་འགྲོ་རྒྱུར་འགོག་རྐྱེན་ཞིག་ཡིན་པ་རེད།