སི་པེན་ཡུལ་དུ་གསུམ་བཅུའི་དུས་དྲན་སྲུང་བརྩི།
2012.03.12
༄༅༎སིཔེན་གྱི་གྲོང་ཁྱེར་ཆེ་ཤོས་མཱ་དྲི་རིདྲ་ནང་ལའང་གཟའ་སྤེན་པའི་ཉིན་བོད་མི་དང་བོད་དོོན་རྒྱབ་སྐྱོར་བ་མི་གྲངས་ ༦༠ བརྒལ་བས་ རྒྱ་ནག་གི་གཞུང་ཚབ་ཡན་ལག་ལས་ཁུངས་མདུན་དུ་རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་པར་ བོད་མི་ཚོས་རང་དབང་སྒེར་ལངས་བྱས་ཏེ་ མི་ལོ་ ༥༣ སོང་བའི་དུས་དྲན་དེ་སྲུང་བརྩི་ཞུས་ཡོད་པ་རེད་ ངོ་རྒོལ་གནང་མཁན་ཚོས་སིཔེན་གྱི་ཡུལ་སྐད་ཐོག་བོད་ལ་རང་བཙན་སྤྲོད་དགོས་ རྒྱ་ནག་གཞུང་གིས་བོད་ནང་མི་གསོད་ཁྲག་སྦྱོར་བྱ་རྒྱུའི་སྲིད་བྱུས་མཚམས་འཇོག་བྱེད་དགོས་ཞེས་སྐད་འབོད་འབྲུག་སྒྲ་སྒྲོགས་ཡོད་པ་རེད་ སིཔེན་གྱི་གྲོང་ཁྱེར་མཱ་དྲི་རིདྲ་ནང་བཅའ་བཞུགས་ཡོ་རོབ་ཁུལ་གྱི་བོད་མིའི་སྤྱི་འཐུས་སྐུ་ཞབས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་སྣེ་ཁྲིད་གནང་སྟེ་ བོད་དོན་རྒྱབ་སྐྱོར་བ་ཚོར་དུས་དྲན་ངོ་སྤྲོད་གནང་སྐབས་རྒྱ་ནག་གིས་སིཔེན་ནང་ཚོང་འབྲེལ་བྱེད་ཆོག་གི་རེད་དེ་འགྲོ་བ་མིའི་ཐོབ་ཐང་ཡང་མ་བརྗེད་པ་བྱེད་དགོས་ བོད་ནང་བོད་མི་ཚོར་མནར་གཅོད་གཏོང་བ་དང་ མི་གསོད་ཁྲག་སྦྱོར་བྱ་རྒྱུ་མཚམས་འཇོག་བྱེད་དགོས་ཞེས་ང་ཚོས་རྒྱ་ནག་གི་གཞུང་ཚབ་ལ་ཞུ་གི་ཡོད་ཅེས་དང་ ང་ཚོས་སིཔེན་གྱི་གཞུང་ལའང་རྒྱ་ནག་ནས་དངོས་ཟོག་ག་རེ་ཉོ་གི་ཡིན་ནའང་འགྲིགས་ཀྱི་རེད་ འོན་ཀྱང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཞུ་་དགོས་ཞེས་སིཔེན་གཞུང་གིས་རྒྱ་ནག་གཞུང་གི་ཐོག་ལ་གནོན་ཤུགས་སྤྲོད་རོགས་གནང་ཞུ་གི་ཡོད་ཅེས་སྐུ་ཞབས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་གསུང་གནང་འདུག།