དགེ་བཤེས་བློ་བཟང་སེང་གེ་སྐུ་གྲོངས་ནས་ཐུགས་དམ་ལ་བཞུགས་པར་རྟག་དཔྱད།


2018.10.22
དགེ་བཤེས་བློ་བཟང་སེང་གེ་ལགས་ཐུགས་དམ་ལ་བཞུགས་ཡོད་པ་དང་ཉེ་བའི་སྐུ་པར། ༢༠༡༨།༡༠ དགེ་བཤེས་བློ་བཟང་སེང་གེ་ལགས་ཐུགས་དམ་ལ་བཞུགས་ཡོད་པ་དང་ཉེ་བའི་སྐུ་པར། ༢༠༡༨།༡༠
མཐུན་འགྱུར་པར་རིས། བློ་བཟང་ཆོས་འཕེལ།

དགེ་བཤེས་བློ་བཟང་སེང་གེ་སྐུ་གྲོངས་ནས་ཐུགས་དམ་ལ་བཞུགས་བཞིན་པར་འབྲེལ་ཡོད་ཚན་རིག་པས་རྟག་དཔྱད་གནང་བཞིན་པ་རེད།
དེ་ཡང་ཉིན་ཤས་གོང་དུ་དགོངས་པ་རྫོགས་པའི་བྱ་བྲལ་བ་དགེ་བཤེས་བློ་བཟང་སེང་གེ་ལགས་ད་ལྟ་མུ་མཐུད་ནས་བཞུགས་སྒར་རྡ་རམ་ས་ལའི་བདེ་ལེགས་སྨན་ཁང་དུ་ཐུགས་དམ་ལ་བཞུགས་བཞིན་ཡོད་པར་ཕྱི་ནང་ཚང་མས་ཐུགས་སྣང་ཆེན་པོ་གནང་བཞིན་ཡོད་པ་རེད་ཅེས་ཁོང་གི་ཕྱག་འབྲེལ་སེར་བྱེས་ལྷོ་པ་ཁམས་ཚན་གྱི་དགེ་འདུན་པ་བློ་བཟང་ཆོས་འཕེལ་ལགས་ཀྱིས་འདི་གར་ངོ་སྤྲོད་གནང་བྱུང་།
ལོ་ངོ་༡༥་རིང་ལ་དབེན་པའི་རི་ཁྲོད་དུ་བཞུགས་སྟེ་འཚོ་བའི་མཐུན་རྐྱེན་རྒྱས་སྤྲོས་མེད་པར་བཞུགས་པ་དང་། གསོལ་ཆས་ཀྱང་དབྱར་དུས་ཀྱི་ཆར་ཆུ་བསགས་གནང་ཏེ་དགུན་དུས་སུ་གསོལ་ཆས་ལ་སྤྱོད་གནང་མཛད་དེ་ཉིན་མཚན་ཀུན་དུ་དམ་པའི་ཆོས་ཀྱི་སྙིང་པོ་ལ་བརྩོན་བཞིན་ཞུགས་གནང་བའི་འདི་ལོ་དགུང་གྲངས་༥༤་བཞིར་ཕེབས་པའི་བྱ་བྲལ་བ་དགེ་བཤེས་བློ་བཟང་སེང་གེ་ལགས་ནི། སྤྱི་ལོ་༢༠༡༧་ནས་སྐུའི་སྙུང་གཞི་བཞེས་སྟེ་སྨན་བཅོས་རིམ་པ་གནང་ཀྱང་དྲག་བསྐྱེད་མ་བྱུང་བར་འདི་ལོ་ནས་སྙུང་གཞི་ཅུང་སྡུག་ཏུ་ཕེབས་ཏེ་བདེ་ལེགས་སྨན་ཁང་གི་སྨན་པ་ཚེ་བརྟན་ལགས་ཀྱིས་ལམ་སྟོན་གནང་བ་བཞིན་ཅན་རྡི་སྒར་སྨན་ཁང་དུ་ཕེབས་ཏེ་བདུན་ཕྲག་གཅིག་ཙམ་རྗེས་ཕྱི་ཟླ་བཅུ་པའི་ཚེས་༡༤་རེས་གཟའ་ཉི་མའི་ཞོགས་པ་ཚོུད་༨་དང་ཕྱེད་ཀའི་ཐོག་ཅར་རྡི་གར་སྨན་ཁང་ནང་དུ་དགོངས་པ་རྫོགས་འདུག ཁོང་གི་སྐུ་ཕུང་རྡ་རམ་ས་ལའི་བདེ་ལེགས་སྨན་ཁང་དུ་གདན་འདྲེན་ཞུས་ཏེ་ད་ལྟ་མུ་མཐུད་ནས་ཐུགས་དམ་བཞུགས་ཡོད་པ་དང་། འབྲེལ་ཡོད་ཚན་རིག་སྨན་པས་བརྟག་དཔྱད་གནང་བཞིན་ཡོད་པ་རེད་འདུག
བྱ་བྲལ་བ་དགེ་བཤེས་བློ་བཟང་སེང་གེ་ལགས་ནི་ཁམས་རོང་པོ་སྡོམ་པར་ཤོད་བསྟན་དར་ཚང་དུ་སྐུ་འཁྲུངས་ཏེ་ཆུང་བྱིས་པའི་དུས་ནས་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་གནང་ཡོད་པ་དང་། སྤྱི་ལོ་༡༩༨༧་ལོར་རྒྱ་གར་དུ་འབྱོར་ཏེ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་མཇལ་གསུང་ཐོས་ཀྱི་གོ་སྐབས་བྱུང་གནང་འདུག དེ་རྗེས་སེར་བྱེས་མཁས་སྙན་གྲ་ཚང་གི་ཁོངས་སུ་གཏོགས་པའི་ལྷོ་པ་ཁང་ཚན་དུ་ཆོས་ཞུགས་གནང་ནས་རྒྱ་བོད་མཁས་པའི་གཞུང་ཆེན་ལ་གཟིགས་རྟོགས་གནང་འགོ་བཙུགས་གནང་བ་སོགས་སློབ་གཉེར་གནང་རྒྱུན་རིང་འབད་པ་ལྷོད་མེད་གནང་འདུག དེ་ནས་སྤྱི་ལོ་༢༠༠༣་ལོར་བཞུགས་སྒར་རྡ་སྟེང་བོད་ཁྱིམ་སློབ་གྲའི་རི་འདེབས་སུ་ཡོད་པའི་དབེན་པའི་རི་ཁྲོད་དུ་བྱ་བྲལ་དུ་བཞུགས་ཡོད་ཀྱང་སྤྱི་ལོ་༢༠༠༦་ལོར་སེར་རར་ཕེབས་ཏེ་དགེ་བཤེས་དམ་འཇོག་མཛད་གནང་ནས་སླར་ཡང་བྱ་བྲལ་དུ་ཕེབས་ཏེ་ད་བར་དུ་མི་ལོ་༡༥་རིང་ལ་དབེན་པའི་རི་ཁྲོད་དུ་ཞུགས་གནང་ཡོད་པ་རེད་འདུག

གསར་འགོད་པ་དབྱངས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎