བོད་མདོ་སྨད་ཁུལ་དུ་སློབ་ཕྲུག༣ལ་H1N1ཕོག་ཡོད་པ།
2009.10.26
༄༅༎བོད་ཀྱི་མདོ་སྨད་མཚོ་ལྷོ་ཁུལ་གྱི་མང་ར་འབྲིང་རིམ་སློབ་གྲྭའི་སློབ་ཕྲུག་གསུམ་ལ་ཕག་པའི་ནད་ཡམས་ཡོད་པར་བརྟེན་སྨན་ཁང་ནང་སྨན་བཅོས་བྱེད་བཞིན་ཡོད་པ་ཤེས་རྟོགས་བྱུང་འདུག
འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་ངོ་སྤྲོད་གནང་མཁན་གྱིས་གསུངས་དོན་ལྟར་ན།མདོ་སྨད་མཚོ་སྔོན་གྱི་མཚོ་ལྷོ་བོད་རིགས་ས་ཁུལ་གྱི་མང་ར་ས་ཁུལ་དུ་བོད་རིགས་དང་།རྒྱ་རིགས་འགྲོ་ཡུལ་གྱི་མང་ར་རྒྱ་ཡིག་འབྲིང་རིམ་སློབ་གྲྭ་ཞིག་ཡོད་ཅིང་།སློབ་གྲྭ་དེའི་ནང་དུ་ཡོད་པའི་སློབ་ཕྲུག་རྣམས་ཀྱི་ནང་ནས་སློབ་ཕྲུག་གང་ཙམ་ལ་རྒྱུན་ལྡན་གྱི་ཆམ་ནད་མིན་པའི་ཆམ་ནད་བྱུང་སྟེ།མང་ར་རྗོང་གི་སྨན་ཁང་དུ་བརྟག་དཔྱད་བྱས་དུས་སློབ་ཕྲུག་གང་ཙམ་ལ་ཆམ་ནད་ཡོད་པ་དང་།དེའི་ནང་ནས་སློབ་ཕྲུག་གསུམ་ལ་ཡོངས་གྲགས་ཅན་གྱི་ནད་ཡམས་HINIཟེར་བའི་ཕམ་པའི་ནད་ཡམས་དེ་དངོས་སུ་ཡོད་པ་ཤེས་རྟོགས་བྱུང་འདུག
ཁོང་གསུམ་ད་ལྟ་རྗོང་གི་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་པ་དང་ས་ཁུལ་དུ་ཡོད་པའི་མང་ར་བོད་ཡིག་འབྲིང་རིམ་སློབ་གྲྭའི་སློབ་ཕྲུག་བདུན་ལའང་ཆམ་ནད་ཡོད་པ་ཤེས་རྟོགས་བྱུང་འདུག་འོན་ཀྱང་ཁོང་རྣམས་ཀྱི་ནད་གཞི་དེ་HINIགྱི་ནད་ཡམས་ཡིན་མིན་ཁྱབ་བསྒྲགས་བྱས་མེད་པ་རེད་འདུག རྒྱ་ནག་གིས་གསལ་བསྒྲགས་བྱེད་དོན་ལྟར་ན།ཕྱི་ཟླ་བཅུ་པའི་ཚེས་འགོར་བོད་ཀྱི་རྒྱལ་ས་ལྷ་སའི་ཉེ་འཁོར་མེ་གྲོ་གུང་དཀར་གྱི་བུད་མེད་གཅིག་དང་།ཕྱི་ཚེས་བཅུ་བདུན་ཉིན་མཚོ་སྔོན་ཞིང་ཆེན་ནང་དུ་ཡང་བུད་མེད་ཅིག་འདས་གྲོངས་སུ་གྱུར་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་འདུག།