སྐད་འཕྲིན་ནང་པར་རིས་བསྐུར་རྐྱེན་སྐྱེ་རྒུ་མདོ་ནས་བོད་མི་གསུམ་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག

2021.08.09
སྐད་འཕྲིན་ནང་པར་རིས་བསྐུར་རྐྱེན་སྐྱེ་རྒུ་མདོ་ནས་བོད་མི་གསུམ་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག སྐྱེ་རྒུ་མདོའི་རོལ་རྩེད་ཐང་ཆེན་ནས་བོད་མི་གསུམ་ལ་ཞིབ་བཤེར་བྱས་རྗེས། ཡུལ་ཤུལ་སྡོམ་མདའ་ཡུལ་ཚོ་ནས་ཡིན་པ་རིན་ཆེན་རྡོ་རྗེ་དང་། སྐལ་བཟང་ཉི་མ།རྫ་སེར་ཤུལ་ནས་ཡིན་པ་ལྷུན་འགྲུབ་བཅས་བོད་མི་གསུམ་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་།
བོད་འབྱོར་།

ཕྱི་ཟླ་༨ཚེས་༨ཉིན་མཚོ་སྔོན་ཞིང་ཆེན་སྐྱེ་རྒུ་མདོ་ནས་རྒྱ་ནག་ཉེན་རྟོག་པས་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་ངོ་༡༠༠དང་། རྒྱ་ནག་གཞུང་གིས་སྐྱེ་རྒུ་མདོ་རུ་ཡུལ་ཤུལ་ཁུལ་བཙུགས་ནས་ལོ་༧༠འཁོར་བའི་དུས་དྲན་དང་བསྟུན། མི་མང་ལ་གང་བྱུང་ཞིབ་བཤེར་དང་འདྲི་རྩད་སོགས་བྱས་ཏེ། སྐྱེ་རྒུ་མདོའི་རོལ་རྩེད་ཐང་ཆེན་ནས་བོད་མི་གསུམ་ལ་ཞིབ་བཤེར་བྱས་རྗེས། ཡུལ་ཤུལ་སྡོམ་མདའ་ཡུལ་ཚོ་ནས་ཡིན་པ་རིན་ཆེན་རྡོ་རྗེ་དང་། སྐལ་བཟང་ཉི་མ། རྫ་སེར་ཤུལ་ནས་ཡིན་པ་ལྷུན་འགྲུབ་བཅས་བོད་མི་གསུམ་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་དང་། ཁོང་ཚོ་འཛིན་བཟུང་བྱེད་དོན་གཙོ་བོ་དུས་དྲན་སྐབས་ཀྱི་པར་རིས་སོགས་ཕྱི་ཕྱོགས་ཀྱི་སྐད་འཕྲིན་ཚོགས་པ་ཞིག་གི་ནང་དུ་བསྐུར་བའི་རྐྱེན་གྱིས་ཡིན་པ་བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་གིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་བྱུང་།
ཡང་གོང་ཞུས་གནས་ཚུལ་མཁོ་སྤྲོད་པས་མུ་མཐུད་ནས་འདི་གར་འགྲེལ་བརྗོད་གནང་དོན་ལ་སྐད་འཕྲིན་ཚོགས་པ་དེའི་མིང་ལ་མཐུན་སྒྲིལ་ཚོགས་པ་དང་ཚོགས་མི་སོགས་བོད་ཕྱི་ནང་གཉིས་ནས་ཡོད་སྐོར་དང་། འཛིན་བཟུང་བྱས་ཏེ་ད་ལྟ་གང་དུ་ཁྲིད་ཡོད་སོགས་ཀྱི་གནས་སྟངས་གང་ཡང་ཤེས་རྟོགས་མེད་པར་གྱུར་ཡོད་པ་བརྗོད་བྱུང་། དེ་བཞིན་ཡང་རྒྱ་ནག་གཞུང་གིས་བཀོད་སྒྲིག་བྱས་པའི་སྐྱེ་རྒུ་མདོ་བཙུགས་ནས་ལོ་༧༠ འཁོར་བའི་དུས་དྲན་དེ། ཉིན་གསུམ་ཙམ་རིང་འཚོག་རྒྱུ་བྱས་ཡོད་ཀྱང་ཏོག་དབྱིབས་རིམས་ནད་ཀྱི་རྐྱེན་དང་། དེ་མིན་དོན་རྐྱེན་རེ་གཉིས་བྱུང་ཡོད་ཚུལ་ལ་ཁ་གཡར་ཡོད་ཀྱང་། དོན་དངོས་སུ་གནས་ཚུལ་དེ་དག་མི་མང་ལ་ཧ་ཅང་སྦས་གསང་དང་། ཕྱིར་སྒྲོག་སོགས་བྱས་མི་ཆོག་པ་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པ་འབྲེལ་ཡོད་བོད་ནང་གི་བོད་མི་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་ཡིག་ཐོག་བརྒྱུད་འགྲེལ་བརྗོད་གནང་བྱུང་།
འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སྤྱིར་རྒྱ་ནག་གཞུང་གིས་སྐྱེ་རྒུ་མདོ་རུ་ཡུལ་ཤུལ་ཁུལ་བཙུགས་ནས་ལོ་༧༠འཁོར་བའི་དུས་དྲན་ཟེར་བའི་སྐབས་མི་མང་ཁྲོད་ལྟ་རྟོག་དང་ཞིབ་བཤེར་ཤུགས་ཆེན་བྱས་ཡོད་པ་དང་། ཉེན་རྟོག་པ་སོགས་འགྲེམས་འཇོག་གིས་ཁྲོམ་གཞུང་སོགས་ནས་མི་མང་ལ་གང་བྱུང་ཞིབ་བཤེར་དང་། སྲང་ལམ་དང་རྩེད་ཐང་སོགས་ཚང་མ་གསང་བའི་བརྙན་མིག་གིས་བསྐོར་ཡོད་པ་དང་། བོད་ནང་གི་འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པས་ཉིན་དེར་ཉེན་རྟོག་པ་ཚོས་སྲང་ལམ་གྱི་མི་མང་ཁྲོད་གང་བྱུང་ཞིབ་བཤེར་བྱེད་པ་དང་འབྲེལ། བོད་མི་གསུམ་དེར་བསྔོག་བཤེར་བྱས་རྗེས་ཁྲིད་ཡོད་པ་དང་། དེའི་རྗེས་རྒྱུ་མཚན་གང་ཡང་མེད་པར་ལག་ལྕགས་བརྒྱབས་ནས་ཉེན་རྟོག་པའི་རླངས་འཁོར་ནང་བཅུག་སྟེ་ཕྱིན་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།
ཐེངས་འདིར་ཡུལ་ཤུལ་གྱི་དུས་དྲན་དང་བསྟུན་ཁམས་པའི་རིག་གནས་སྒྱུ་རྩལ་དུས་སྟོན་སོགས་མཉམ་དུ་ཚོགས་ཡོད་པ་དང་། དུས་དྲན་མཛད་སྒོ་ཟེར་བའི་སྟེང་བོད་ཀྱི་འབྲོག་པའི་རིག་གཞུང་སོགས་འགྲེམས་སྟོན་བྱས་ཡོད་ཀྱང་། དེ་ལས་ཤུགས་ཆེ་བ་རྒྱ་ནག་དམར་ཤོག་ཚོགས་པ་དྲིལ་བསྒྲགས་དང་རྒྱ་ནག་གི་འགོ་ཁྲིད་མའོ་ཙེ་ཏུང་གཙོས་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོའི་པར་རིས་དང་། སྐྱེ་དགུ་མདོ་བཅིངས་གྲོལ་བཏང་བ་ཞེས་པའི་རྣམ་པ་ཤུགས་ཆེར་བསྟན་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཨོ་རྒྱན་བསྟན་འཛིན།
དྲ་ཐོག་རྩོམ་སྒྲིག་པ། ཨོ་རྒྱན་བསྟན་འཛིན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎