འབྲི་རུ་ནས་མུ་མཐུད་བོད་མི་འཇུ་བཟུང་།
2013.12.02

རྒྱ་གཞུང་གིས་ནག་ཆུ་འབྲི་རུ་ཁུལ་དུ་དམ་དྲག་དང་མུ་མཐུད་བོད་མི་ཚོ་འཛིན་བཟུང་བྱེད་བཞིན་པ་རེད་འདུག
འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་དོན། རྒྱ་ནག་གཞུང་གིས་ཟླ་སྔོན་མའི་ཚེས་༡༨ ཉིན་ནག་ཆུ་འབྲི་རུ་རྫོང་ཚྭ་ཆུ་ཞང་རྔ་གཡང་གྲོང་གི་བློ་བཟང་ཆོས་དབྱིངས་ལགས་ལ་སྔོན་འབྲི་རུ་རྫོང་གི་སློབ་གྲྭའི་ངོ་རྒོལ་དང་འབྲེལ་བ་ཡོད་ཚུལ་དང་། ཀུན་མཆོག་ཆོས་འཕེལ་ལགས་ཀྱིས་འབྲི་རུ་ས་གནས་སུ་བྱུང་བའི་བོད་མིའི་ངོ་རྒོལ་གནས་ཚུལ་རིགས་ཕྱིར་གཏོང་བྱས་ཚུལ་གྱིས་འཛིན་བཟུང་བྱས་ཡོད་པ་དང་། དེ་བཞིན་ཟླ་སྔོན་མའི་ཚེས་༢༣ཉིན་འབྲི་རུ་རྫོང་རབ་བརྟན་དགོན་པའི་དགེ་འདུན་པ་བཟང་བཀྲ་ཤིས་ལགས་མཚམས་ལ་བཞུགས་ཡོད་སྐབས་བཙན་ཁྲིད་བྱས་ནས་ཁོང་གི་གློག་ཀླད་དང་ཁ་པར་སོགས་བཙན་འཕྲོག་བྱས་ཡོད་འདུག
འཇུ་བཟུང་རྗེས་ཁོང་གསུམ་གྱི་ནང་མི་ཉེ་འབྲེལ་སོགས་སུ་གང་ལ་ཐུག་འཕྲད་བྱེད་བཅུག་མེད་པ་དང་། ད་ལྟ་ཁོང་ཚོའི་གནས་སྟངས་ཁ་གསལ་མེད་པར་ལུས་ཡོད་པ་རེད། གནས་ཚུལ་ངོ་སྤྲོད་པས་བརྗོད་དོན། ད་ལྟའི་ཆར་འབྲི་རུ་རྫོང་གི་མི་མང་པོ་ཞིག་འབྲི་རུ་རྫོང་ཐོག་གི་བཙོན་ཁང་དང་། ནག་ཆུ་ས་ཁུལ་བཙོན་ཁང་། དེ་བཞིན་ལྷ་ས་བཙོན་ཁང་བཅས་སུ་བཙོན་འཇུག་བྱེད་བཞིན་པ་དང་། ས་གནས་སུ་མུ་མཐུད་དམ་དྲག་ཧ་ཅང་ཆེ་བས་བོད་མི་ཚོའི་རྒྱུན་ཏན་འཚོ་བ་དང་། འགྲོ་སྐྱོད་ལ་དཀའ་ངལ་དཔེ་མེད་འཕྲད་བཞིན་ཡོད་ཟེར།
དེ་བཞིན་འབྲི་རུ་རྫོང་སྲིད་གཞུང་གིས་དེ་སྔོན་བཙོན་གྲོལ་ཐོབ་པ་དག་ལའང་སློབ་གསོ་སྤེལ་ཡོད་འདུག