ལྷོ་ཀོརིཡ་ནང་དཔལ་འབར་བསྐོར་བསྐྱོད་བྱེད་སྐབས་ངོ་རྒོལ་ཤུགས་ཆེ་སྤེལ་འཆར་ཡོད་པ།
2008.04.24
༄༅༎ལྷོ་ཀོ་རིཡ་ཡི་ནང་ཨོ་ལིམ་པིཀ་རྩེད་འགྲན་བསྐོར་བསྐྱོད་བྱེད་པའི་སྐབས་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་སྤེལ་འཆར་ཡོད་འདུག
བདུན་ཕྲག་འདིའི་རེས་གཟའ་ཉི་མའི་ཉིན་རྒྱལ་སྤྱིའི་ཨོ་ལིམ་པིཀ་དཔལ་འབར་དེ་བཞིན་ལྷོ་ཀོ་རིཡ་ནང་བསྐོར་བསྐྱོད་བྱེད་པའི་སྐབས། ཚོགས་པ་ཁག ༦༣ ཐུན་མོང་གི་ཐོག་ནས་ངོ་རྒོལ་གྱི་ལས་འགུལ་ཞི་རྒྱ་ཆེན་པོ་ཞིག་སྤེལ་འཆར་ཡོད་འདུག
དེ་ཡང་སྤྱི་ཚོགས་ཀྱི་འགན་འཁུར་མཁན་ཡེ་ཤུའི་ཆོས་ཚོགས་ཀྱི་ཆོས་དཔོན་དང༌། ལས་འགུལ་གྱི་མནའ་འབྲེལ་འགན་འཛིན ཀིམ་ཡུ་ཧོས ཨེ་ཨེཕ་པི་གསར་འགྱུར་ལས་ཁང་ལ་ད་རིང་འགྲེལ་བརྗོད་གནང་བར་ལྟར་ན། ཚོགས་པ་ཐུན་མོང་ནས་རྒྱ་ནག་གཞུང་ལ་ཨོ་ལིམ་པིཀ་རྩེད་འགྲན་གྱི་མགྲོན་བདག་བྱེད་པ་དང་། ཆབས་ཅིག་འགྲོ་བ་མིའི་རིན་ཐང་ལ་སྲུང་བརྩི་ཞུས་ཏེ་བྱང་ཀོ་རིཡ་ཡི་སྐྱབས་བཅོལ་བ་རྣམས་ཕྱིར་ལོག་གཏང་རྒྱུ་མཚམས་འཇོག་དང༌། བོད་ནང་བོད་མི་ཚོའི་ཐོག་དྲག་གནོན་བྱེད་རྒྱུ་མཚམས་འཇོག་བྱ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག ཡང་ཁོང་གིས་མུ་མཐུད་ནས། ལས་འགུལ་གྲ་སྒྲིག་ཚོགས་ཆུང་གི་ངོས་ནས་ངོ་རྒོལ་གྱི་ལས་འགུལ་ཞི་བའི་ཐོག་ནས་སྤེལ་རྒྱུའི་འཆར་གཞི་ཡོད། འོན་ཀྱང་ལས་འགུལ་སྒེར་སོ་སོའི་ངོས་ནས་དཔལ་འབར་འཁྱེར་འགྲོ་བའི་སྐབས་འགོག་རྐྱེན་སྤྲོད་མི་སྲིད་པའང་མ་རེད་ཅེས་འགྲེལ་བརྗོད་གནང་འདུག ལྷོ་ཀོ་རིཡ་ཡི་ཨོ་ལིམ་པིཀ་རྩེད་འགྲན་ཚོགས་ཆུང་གི་འབྲེལ་ཡོད་ལས་བྱེད་ནས། དཔལ་འབར་བསྐོར་བསྐྱོད་སྲུང་སྐྱོབ་ནན་པོ་བྱ་རྒྱུའི་འཆར་གཞི་ཡོད་ལུགས་གསུངས་འདུག རྒྱ་ནག་གཞུང་ནས་བྱང་ཀོ་རིཡ་ཡི་མི་སེར་རྒྱ་ནག་གི་ས་མཚམས་སུ་བྲོས་བྱོལ་དུ་ཡོང་མཁན་ཚོ་ཕྱིར་ལོག་བཏང་བའི་བྱ་སྤྱོད་ལ་ལྷོ་ཀོ་རིཡ་ནང་ཡོད་པའི་སྐྱབས་བཅོལ་བ་ཚོས་སྐྱོན་བརྗོད་ཡང་ནས་ཡང་དུ་བྱེད་ཀྱི་ཡོད་པ་རེད༎