ཀ་ལི་ཕྷོར་ནི་ཡའི་ནང་མང་ཚོགས་ལ་རྡུལ་མཚོན་དཀྱིལ་འཁོར་མཇལ་ཁ་གནང་རྒྱུ།
2017.08.19

༄༅། །དེ་རིང་ཕྱི་ཟླ་ ༨ ཚེས་ ༡༩ ནས་འགོ་བཙུགས་ཏེ། འབྲས་སྤུངས་བློ་གསལ་གླིང་གི་དགེ་འདུན་པ་ཁག་གཅིག་ནས་ཨ་རིའི་ནུབ་ཕྱོགས་ཀ་ལི་ཕྷོར་ནི་ཡའི་གྲོང་ཁྱེར་ རིཆ་མོནཌ་ནང་ཡོད་པའི་ Holocaust འགྲེམ་སྟོན་ཁང་ནང་རྡུལ་མཚོན་གྱི་དཀྱིལ་འཁོར་འབྲི་བཞེངས་གནང་སྐབས་མང་ཚོགས་སྟོང་ཕྲག་མང་པོ་འདུ་འཛོམས་ཡོང་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད་འདུག
Holocaust འགྲེམ་སྟོན་ཁང་ནི་དེ་སྔོན་ཇར་མན་ན་ཛིའི་སྲིད་གཞུང་སྐབས་ཇཱུ་མི་རིགས་ས་ཡ་དྲུག་ཙམ་དམར་བསད་བཏང་པའི་དྲན་རྟེན་དང་ལོ་རྒྱུས་ཀྱི་འགྲེམ་སྟོན་ཁང་ཞིག་ཡིན་ཞིང་། ཨ་རིའི་ས་གནས་འདྲ་མིན་ནང་འགྲེམ་སྟོན་ཁང་དེ་རིགས་ཡོད་པ་རེད།
ཨ་རིའི་སན་ཕྷརན་སིསི་ཀོ་གྲོང་ཁྱེར་དང་ཉེ་འགྲམ་དུ་ཆགས་པའི་ རིཆ་མོནཌ་གྲོང་ཁྱེར་གྱི་ནང་འབྲས་སྤུང་བློ་གསལ་གྲྭ་ཚང་གི་བོད་ཀྱི་ཆོས་དང་རིག་གཞུང་དྲིལ་བསྒྲགས་བསྐོར་བསྐྱོད་པ་དགེ་འདུན་པ་རྣམས་ནས། ཉིན་གྲངས་གཉིས་རིང་རྡུལ་མཚོན་གྱི་དཀྱིལ་འཁོར་སྒྲུབ་བཞེངས་གནང་པ་དང་ཞོར་དུ་སྒོམ་སྒྲུབ་ཉམས་ལེན་བྱ་ཚུལ་དང་། བོད་ཀྱི་གནས་སྟངས་ངོ་སྤྲོད་སོགས་གནང་རྒྱུ་ཡིན་འདུག་ཅིང་། ཕྱི་ཚེས་ ༢༠ ཉིན་མང་ཚོགས་ལ་རྡུལ་མཚོན་དཀྱིལ་འཁོར་གྱི་མཇལ་ཁ་གཏོང་རྒྱུ་ཡིན་འདུག
ཡང་དེ་བཞིན་ཨ་རིའི་མངའ་སྡེ་ ཀ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་ Berkeley ནང་ཡོད་པའི་སེར་བྱེས་དགེ་རྩ་ཚོགས་པའི་དགེ་འདུན་པ་ཁག་གཅིག་ནས་ས་དེའི་ནང་གི་ Berkeley གཙུག་ལག་སློབ་གྲྭ་ཆེན་མོའི་ནང་སློབ་ཕྲུག་དང་ས་གནས་མང་ཚོགས་ལ་ནང་ཆོས་དང་ནང་པའི་ཚན་རིག་སོགས་ངོ་སྤྲོད་གནང་བཞིན་ཡོད་པ་རེད།།
གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།