ཐེ་དབན་ནང་རྡུལ་ཕྲན་ལས་འཆར་མེད་པ་བཟོ་རྒྱུའི་ངོ་རྒོལ།
2011.04.30
༄༅༎དེ་རིང་གཟའ་སྤེན་པའི་ཉིན་ཐེ་དབན་ནང་གི་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཁག་གིས། ཐེ་དབན་གྱི་ས་ཁུལ་མང་པོ་ཞིག་ནང་རྡུལ་ཕྲན་གྱི་ལས་འཆར་མེད་པ་བཟོ་རྒྱུའི་ངོ་རྒོལ་རྔམ་སྟོན་བྱས་ཡོད་པ་དང་། ངོ་རྒོལ་རྔམ་སྟོན་གྱི་ལས་འགུལ་དེའི་ནང་བཞུགས་མཁན་མི་གྲངས་སྟོང་ཁྲག་ཁ་ཤས་བྱུང་ཡོད་འདུག
ཐེ་དབན་གྱི་སྔོ་ལྗངས་མང་ཚོགས་ལས་འགུལ་མཉམ་འབྲེལ་ཚོགས་པ་དང་། གོ་ལའི་མང་ཚོགས་ཐེབས་རྩ་ཚོགས་པ་སོགས་ཐེ་དབན་ནང་གི་ཁོར་ཡུག་ཚོགས་པ་བཅུ་གྲངས་ཤིག་ཟུང་འབྲེལ་གྱི་ཐོག་ནས། ཐེ་དབན་གྱི་རྒྱལ་ས་ཐད་བད་དང་། དེ་མིན་གྱི་གྲོང་ཁྱེར་ཁག་ཅིག་ནང་རྡུལ་ཕྲན་གྱི་ལས་འཆར་མེད་པ་བཟོ་རྒྱུའི་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་ཡོད་པ་དང་། ཐེ་དབན་ནང་རྡུལ་ཕྲན་གྱི་གློག་ཁང་ཨང་བཞི་པ་དེ་མགྱོགས་མྱུར་སྐྲུན་འཆར་ཡོད་པར་བརྟེན། ངོ་རྒོལ་རྔམ་སྟོན་བ་ཚོས་ཐེ་དབན་གཞུང་གིས་རྡུལ་ཕྲན་གྱི་གློག་ཁང་ཨང་བཞི་པ་དེ་གསར་རྒྱག་བྱ་རྒྱུ་མཚམས་འཇོག་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད།
རྡུལ་ཕྲན་གྱི་ལས་གཞི་མེད་པ་བཟོ་རྒྱུའི་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་གོ་སྒྲིག་བྱེད་མཁན་གྱིས་གསུངས་ན། ཉི་ཧོང་ནང་ས་ཡོམ་དང་མཚོ་རླབས་ཀྱི་གནོད་འཚེ་བྱུང་བའི་ཐོག་ནས་ཤེས་རྟོགས་གསལ་པོ་ཐུབ་རྒྱུར། ས་ཡོམ་གྱི་གནོད་ཚབས་ཕོག་སླ་བའི་ས་ཁུལ་ནང་རྡུལ་ཕྲན་གྱི་གློག་ཁང་རྒྱབ་རྒྱུ་མེད་པ་དང་། ད་རེས་ཐེ་དབན་གྱི་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཁག་གིས་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་དེ་འདྲ་ཞིག་སྤེལ་ནས། ཐེ་དབན་མི་མང་གི་སྟོབས་ཤུགས་གཅིག་དུ་སྒྲིལ་ཏེ་སྲིད་གཞུང་གིས་རྡུལ་ཕྲན་ལས་འཆར་གྱི་བདེ་འཇགས་གནད་དོན་ཐོག་དོ་སྣང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་པ་གསུངས་འདུག།