རྒྱ་ནག་ནང་ལས་མིའི་ངོ་རྒོལ་ཤུགས་ཆེ་རུ་འགྲོ་བཞིན་འདུག
2014.04.18

ཟླ་བ་འདིའི་འགོ་སྟོད་ཙམ་ནས་བཟུང་རྒྱ་ནག་ལྷོ་ཕྱོགས་Dongguan གྲོང་ཁྱེར་ནང་ཡོད་པའི་ལྷམ་གྱི་བཟོ་གྲ་ཞིག་ཏུ་ལས་མི་སྟོང་ཕྲག་མང་པོས་ངོ་རྒོལ་བྱེད་བཞིན་པ་ད་ཆ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་དང་། དེ་ནི་ཟླ་བ་འདིའི་ཚེས་༥ནས་བཟུང་བཟོ་གྲ་དེའི་ནང་ལས་ཀ་བྱེད་མཁན་ལས་མི་ཚོས། ཁོ་ཚོར་རྒས་ཡོལ་དང་འཕྲོད་བསྟེན་སོགས་ཀྱི་ཐོབ་ཐང་སྤྲོད་དགོས་པའི་དགོས་འདུན་འོག་ངོ་རྒོལ་ལས་འགུལ་ཞིག་འགོ་འཛུགས་བྱས་པ་དེ་ད་ཆ་ཤུགས་ཆེ་རུ་འགྲོ་རུ་བཞིན་པར་བརྟེན། བཟོ་གྲ་དེ་ནས་ཕྱིའི་ཚོང་ལས་ཚན་པ་ཁག་ལ་ཁས་ལེན་བྱས་པའི་ལྷམ་གྱི་གྲངས་ཚད་བཟོ་བསྐྲུན་མི་ཐུབ་པའི་ཉེན་ཁའི་གནས་སྟངས་ཆགས་ཡོད་པ་དང༌། ཡང་ད་ལམ་རྒས་ཡོལ་དང་འཕྲོད་བསྟེན་སོགས་ཀྱི་མཐུན་རྐྱེན་ཡག་ཏུ་གཏོང་དགོས་པའི་དགོས་འདུན་སྟོན་ཏེ་ངོ་རྒོལ་བྱེད་མཁན་གྱི་ཁོངས་སུ་བསྡོམས་པས་ལས་མི་གསུམ་ཁྲི་ཙམ་མཉམ་ཞུགས་བྱེད་བཞིན་ཡོད་པ་རེད་འདུག
གསར་འགོད་པ་ངག་དབང་ཆོས་འཕེལ།
ཚེས༡༧ཉིན་གྱི་གསར་འགྱུར།
རྒྱ་ནག་ཀོང་ཏུང་ཞིང་ཆེན་ཏོན་ཀོན་གྲོང་ཁྱེར་ནང་ལྷམ་བཟོ་བ་སྟོང་ཕྲག་མང་པོས་ཐོབ་ཐང་ཆེད་མུ་མཐུད་ངོ་རྒོལ་བྱེད་བཞིན་པ་རེད།
དེ་ཡང་རྒྱ་ནག་ཀོང་ཏུང་ཞིང་ཆེན་Dongguan གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་Yue Yuen ལྷམ་བཟོ་གྲས་ལས་བྱེད་རྣམས་ལ་ཐོབ་ཐང་ཆ་ཚང་བ་མ་སྤྲད་པར་བརྟེན་བཟོ་གྲ་དེའི་ལས་བྱེད་ཚོས་ཉིན་ཤས་རིང་མུ་མཐུད་བཟོ་གྲའི་ལས་ཀ་མཚམས་འཇོག་གིས་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་པ་མ་ཟད། རེས་གཟའ་ལྷག་པའི་ཉིན་བཟོ་གྲའི་ལས་བཟོ་བ་མི་མང་ཁྲི་གསུམ་ལྷག་ཙམ་གྱིས་མུ་མཐུད་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས་ས་གནས་ཉེན་རྟོག་པས་ལས་བཟོ་བ་ཁག་ཅིག་ལ་ཉེས་རྡུང་བཏང་ཡོད་པ་དང་། ཁག་གཅིག་འཛིན་བཟུང་ཡང་བྱས་ཡོད་པ་རེད་ཅེས་ཨ་མི་རི་ཀའི་ནང་རྟེན་གཞི་བྱས་པའི་རྒྱ་ནག་གི་ངལ་རྩོལ་ལྟ་རྟོག་ཚན་པས་གནས་ཚུལ་སྤེལ་འདུག ཡང་ངོ་རྒོལ་གྱི་ལས་འགུལ་ནང་མཉམ་ཞུགས་གནང་མཁན་མི་སྣ་ཞིག་གིས་བརྗོད་དོན། བཟོ་གྲའི་ངོས་ནས་ལས་བཟོ་བ་ཚོར་ཐོབ་ཐང་ཆ་ཚང་བ་ཞིག་མ་སྤྲད་བར་ལས་བཟོ་བ་ཚོས་ངོ་རྒོལ་གྱི་ལས་འགུལ་མུ་མཐུད་སྤེལ་གནང་རྒྱུ་མ་ཟད། ངོ་རྒོལ་གནང་མཁན་ལས་བཟོ་བ་ཡང་ཇེ་མང་ནས་ཇེ་མང་དུ་འགྲོ་རྒྱུ་ཡིན་པ་རེད་ཅེས་བརྗོད་འདུག
Yue Yuenཞེས་བའི་ལྷམ་བཟོ་གྲའི་ནང་ལྷམ་Nikeརྟགས་ཅན་དང་། Adidas, Puma New Balanceརྟགས་ཅན་བཅས་ཕྱི་རྒྱལ་ནས་ཐོན་པའི་ལྷམ་གྱི་མིང་ཤ་རྟག་ཡིན་པ་དང་། བཟོ་གྲ་དེ་ནི་ཀོང་ཏུང་ཞིང་ཆེན་Dongguan གྲོང་ཁྱེར་ནང་ཆགས་ཡོད་ཅིང་བཟོ་གྲ་དེའི་སྦྱིན་བདག་ནི་ཐེ་ཝན་གྱི་མི་སྣ་ཡིན་འདུག