ཨི་ཇིཔ་ཊི་ནང་བཙོན་པ་མང་པོ་ཞིག་བཙོན་ཁང་ནས་བྲོས་ཡོད་པ།
2011.01.30
༄༅༎ཨི་ཇེཔ་ཊི་(Egypt)ནང་བཙོན་པ་སྟོང་ཕྲག་མང་པོ་བཙོན་ཁང་ནས་བྲོས་ཡོད་པའི་གནས་ཚུལ་ཐོན་འདུག
རེས་གཟའ་སྤེན་པའི་ཟིང་འཁྲུགས་ནང་ལྷུངས་པའི་ཨི་ཇེཔྚིའི་ཀྱི་རྒྱལ་ས་ཀའེ་རོའོ་(Cairo)ཡི་བྱང་ཕྱོགས་ཀྱི་ཕཡུ་འུམ་(Fayyoum) རྫོང་གི་བཙོན་ཁང་ནས་བཙོན་པ་ལྔ་སྟོང་ཙམ་བྲོས་བྱོལ་བྱས་ཡོད་ལུགས་རྡུ་སྦའི་ནང་རྟེན་གཞི་བྱས་པའི་ཨ་རི་བྭི་ཡ་བརྙན་འཕྲིན་གྱིས་གནས་ཚུལ་སྤེལ་ཡོད་འདུག། རྒྱལ་ཁབ་ནང་ལག་ཁྱེར་ཁ་དཔར་དང་དྲྭ་རྒྱའི་བརྒྱུད་ལམ་བཀག་འགོག་བྱས་པར་བརྟེན་བཙོན་པ་བྲོས་བྱོལ་བྱས་པའི་གནས་ཚུལ་ཁུངས་ལྡན་ཡིན་མིན་གསལ་པོ་མི་འདུག། ཡང་ཁག་ཅིག་ནས་བརྗོད་པར་གཞིགས་ན་ གོང་ཞུས་ཕཡུ་འུམ་རྫོང་གི་ལྷོ་ནུབ་བྱེ་ཐང་དུ་ཡོད་པའི་བཙོན་ཁང་ཞིག་ནས་བཙོན་པ་བདུན་བརྒྱ་ཙམ་བྲོས་བྱོལ་བྱས་ཡོད་འདུག། རེས་གཟའ་སྤེན་པར་སྲིད་འཛིན་གྱིས་སྲིད་འཛིན་གཞོན་པའི་གོ་གནས་གསར་གཏོད་ཀྱིས་གཞུང་གི་གསང་བའི་ལས་ཁུངས་སྤྱི་ཁྱབ་པ་སྲིད་འཛོན་གཞོན་པ་དང་ སྲིད་བློན་གསར་པ་བསྐོ་བཞག་གནང་ཡོད་ཀྱང་མི་མང་གིས་ངོ་རྒོལ་གྱི་ལས་འགུལ་མཚམས་འཇོག་བྱས་པ་མེད་པ་མ་ཟད་ སྲིད་འཛོན་ཧོ་སེ་ཎི་མུཡ་བྭ་རཁ་རང་ཉིད་དགོངས་པའི་སྐད་འབོད་ཀྱི་ངོ་རྒོལ་མུ་མཐུད་ནས་བྱེད་བཞིན་པ་རེད། ཨ་མི་རི་ཀ་བཙོས་པའི་རྒྱལ་སྤྱིའི་དབུ་ཁྲིད་རྣམས་ཀྱིས་ཨི་ཇེཔྚིའི་སྲིད་འཛིན་གྱིས་མི་མང་གི་ཞི་རྒོལ་ལ་དྲག་གནོན་བྱེད་ཐལ་མེད་པ་དང་གཞུང་གི་ལས་དོན་བྱ་ཕྱོགས་ཐད་དགོས་ངེས་ལེགས་བཅོས་མིང་དོན་མཚུངས་པ་ལག་ལེན་བསྟར་དགོས་པའི་སྐུལ་དེད་གནང་བཞིན་པ་རེད། དེའི་དབར་ལ་ཨལ་ཇ་ཛི་ར་ཞེས་པའི་ཁ་ཆེའི་བརྙན་འཕྲིན་ལས་ཁུངས་སྒོ་རྒྱབ་དགོས་པའི་བཀོད་ཁྱབ་བཏང་ཡོད་འདུག༎