སེམས་དང་སྲོག་ཅེས་པའི་མཁས་པའི་བགྲོ་གླེང༌།

༧གོང་ས་མཆོག་དབུ་ཞུགས་ཐོག་སེམས་དང་སྲོག་ཅེས་པ་ནང་པ་དང་ཚན་རིག་མཁས་པའི་དབར་གྱི་བགྲོ་གླེང་ཚོགས་འདུ་བུ་འཛུགས་གནང་བ།

2011.10.18

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་ཞུགས་ཐོག་ ཕྱི་ཟླ་ ༡༠ ཚེས་ ༡༧ ཉིན་སེམས་དང་སྲོག་ཅེས་པ་ནང་པ་དང་ཚན་རིག་མཁས་པའི་དབར་གྱི་བགྲོ་གླེང་ཚོགས་འདུ་ཐེངས་ ༢༣ པ་དེ་དབུ་འཛུགས་གནང་ཡོད་པ་རེད།
ཐེངས་འདིའི་སེམས་དང་སྲོག་གི་ཚོགས་འདུའི་བརྗོད་གཞི་གཙོ་བོ་ནི་ རང་འབྱུང་ཁོར་ཡུག་དང་ མིའི་ཀུན་སྤྱོད་ དེ་བཞིན་ཕན་ཚུན་ལྟོས་གྲུབ་རང་བཞིན་གྱི་གནད་དོན་སོགས་ཀྱི་སྐོར་ཡིན་ཞིང༌། ད་རེས་ཀྱི་ཚོགས་འདུ་འདིའི་ནང་འཛམ་གླིང་ནང་གི་གྲགས་ཅན་ཀླད་ཁམས་ཚན་རིག་པ་དང་ཁོར་ཡུག་ཚན་རིག་པ། རང་འབྱུང་ཁོར་ཡུག་སྲུང་སྐྱོབ་དང་བདག་གཅེས་ཀྱི་ལས་འགུལ་བ། དེ་བཞིན་སེམས་ཁམས་ཚན་རིག་པ་དང་ ནང་ཆོས་མཁས་པ་སོགས་ལྷན་འཛོམས་གནང་ཡོད་པ་རེད།
ཁ་སང་ཕྱི་ཟླ་ ༡༠ ཚེས་ ༡༧ ཉིན་གྱི་ཚོགས་འཐུས་དང་པོའི་གཙོ་སྐྱོང་བ་ཀླད་ཁམས་ཚན་རིག་པ་གྲགས་ཅན་མཁས་དབང་ ཌེ་ནིཡལ་ གྷོལ་མན་གྱིས་ངོ་སྤྲོད་གསུང་བཤད་གནང་སྐབས་ ལྷན་ཚོགས་འདིའི་ཐོག་རང་འབྱུང་ཁོར་ཡུག་གི་དཀའ་ངལ་སེལ་རྒྱུར་ཆོས་དང་ཚན་རིག། དེ་བཞིན་ལྟ་གྲུབ་ཀྱི་ཐོག་ནས་ཞབས་འདེགས་གང་གྲུབ་ཐུབ་མིན་སྐོར་ཡིན་པ་གསུངས་པ་དང༌།  ཁོང་གིས་སེམས་དང་སྲོག་གི་ཚོགས་འདུའི་ཐོག་རང་འབྱུང་ཁོར་ཡུག་གི་བརྗོད་གཞི་གཙོ་བོ་གཞི་ལ་བཞག་པའི་ཐོག་ནས་བཀའ་བསྡུར་གནང་པ་ད་རེས་ཐེངས་གཉིས་པ་དེ་ཆགས་ཡོད་པ་གསུངས་ཡོད་པ་རེད།
ཨ་མི་རི་ཀའི་ཨ་རི་ཛོ་ནའི་མཐོ་རིམ་གཙུག་ལག་སློབ་གྲྭ་ཆེན་མོའི་ཁོར་ཡུག་ཤེས་ཡོན་སྡེ་ཚན་གྱི་ངེས་སྟོན་པ་མཁས་དབང་ལྕམ་ ཌཡི་ན་ ལི་ལྦར་མན་གྱིས་ ཁོག་ཡུག་གི་དཀའ་ངལ་ནི་ཉེན་ཚབས་ཆེ་བའི་གནམ་གཤིས་འགྱུར་ལྡོག་གི་གནད་དོན་ཙམ་མིན་པར་སྐྱེ་ཁམས་རྩ་བརླག་དང་རྒྱ་མཚོའི་མཐོ་ཚད་ཆེ་རུ་འགྲོ་བཞིན་པ་སོགས་དཀའ་ངལ་རྣམ་གྲངས་མི་འདྲ་བ་མང་པོ་ཞིག་ཡོད་པ་ངོ་སྤྲོད་གནང་པ་དང་སྦྲགས་ དཀའ་ངལ་དེ་དག་ནི་ས་ཆུ་དང་རང་འབྱུང་གཏེར་དངོས་ཚད་ལས་བརྒལ་བ་བེད་སྤྱོད་བཏང་པ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་གསུངས་ཡོད་པ་རེད།
༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་བཅར་བ་རྣམས་ལ་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མི་དམངས་ཀྱིས་བདམས་པའི་འགོ་འཁྲིད་ཚོར་རྩིས་སྤྲོད་གནང་ཟིན་པའི་སྐོར་བཀའ་གནང་པ་དང་དུས་མཚུངས་ སེམས་དང་སྲོག་གི་ལྷན་ཚོགས་འདི་ལྟ་བུ་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་མིའི་ཀུན་སྤྱོད་གོང་འཕེལ་གཏོང་གནང་མཛད་རྒྱུའི་ཕུགས་དགོངས་ཀྱི་ཆ་ཤས་ཤིག་ཡིན་སྟབས་ དེ་དག་མུ་འཐུད་མཇུག་སྐྱོང་མཛད་རྒྱུ་ཡིན་པ་བཀའ་གནང་ཡོད་པ་རེད།
ད་དུང་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ འདི་ལྟ་བུའི་ལྷན་ཚོགས་ཀྱི་ཐོག་བཟང་པོའི་སེམས་དང་སྙིང་རྗེའི་ཕན་ཡོན་ དེ་བཞིན་ཁོང་ཁྲོ་དང་ཞེ་སྡང་སོགས་ཀྱི་ཉེས་དམིགས་ཐོག་ཞིབ་འཇུག་ནན་པོ་གནང་དགོས་པའི་བསྐུལ་མ་གནང་པར་མ་ཟད་  ཉམས་ཆགས་འགྲོ་བཞིན་པའི་ཁོར་ཡུག་གི་དཀའ་ངལ་དང་མིའི་ཀུན་སྤྱོད་དབར་འབྲེལ་བ་ཇི་ཡོད་ངེས་པར་དཔྱད་པ་གནང་དགོས་པ་བཀའ་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎