བོད་ལ་ཟུར་དུ་དངུལ་སྒོར་ཡོད་པ་དེས་ལོ་རྒྱུས་ཐོག་བོད་རང་བཙན་ཡིན་པ་མཚོན་གྱི་ཡོད་ཅེས། ལོ་རྒྱུས་སློབ་དཔོན་གཙང་ཕྲུག་སྟོབས་ལགས་ནས་བརྗོད་བྱུང་།
བོད་མིའི་སྒྲིག་འཛུགས་བོད་ཀྱི་འགྲེམས་སྟོན་ཚན་པ་ནས་གོ་སྒྲིག་གནང་སྟེ། བོད་གཞུང་དགའ་ལྡན་ཕོ་བྲང་གི་སྐབས་བོད་ནང་རྒྱ་ཁྱབ་ཏུ་བེད་སྤྱོད་གཏོང་བཞིན་པའི་བོད་དངུལ། སྤྱི་ལོའི་དུས་རབས་ ༡༨ པ་ནས་དཔར་བརྒྱབས་པའི་གསེར་དངུལ་ཟངས་གསུམ་གྱི་ཊམ་ཀ་དང་། ཕྱིས་སུ་སྤྱི་ལོ་ ༡༩༡༣ ལོ་ནས་གསར་དར་གྱི་ཤོག་ལོར་སྣ་ཚོགས་བཅས་བསྡུ་རུབ་གནང་བ་ཁག སྤྱི་ཟླ་ ༡ ཚེས་ ༦ ཉིན་བཞུགས་སྒར་བོད་ཀྱི་འགྲེམས་སྟོན་ཁང་དུ་འགྲེམས་སྟོན་ཞིག་གནང་ཡོད་པ་དེ། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ནས་དབུ་འབྱེད་གནང་ཡོད་ཅིང་། བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་ནས། ཊམ་ཀ་དང་ཤོག་དངུལ་དེ་ཚོ་རྒྱ་གར་ནང་གི་གཞིས་ཆགས་ཁག་ ༤༥ དང་བལ་ཡུལ་གྱི་གཞིས་ཆགས་ཁག དེ་བཞིན་ཕྱི་རྒྱལ་གྱི་བོད་མི་མང་པོ་ཞིག་གིས་འགྲེམས་སྟོན་ལ་ཕུལ་བཞག་པ་རྣམས་བསྡུ་རུབ་གནང་བའི་སྐོར་འགྲེལ་བརྗོད་གནང་གི་འདུག
སྤྱི་ལོའི་དུས་རབས་བཅོ་བརྒྱད་པ་ནས་བོད་ཀྱི་ཊམ་ཀ་དང་ཤོག་ལོར་དཔར་བརྒྱབ་ས་ཁག་ནི། དོག་བདེ། གྲྭ་བཞི། དོ་གུ། འདོད་དཔལ། མེ་ཏོག་སྐྱིད། གསེར་ཊམ་ལས་ཁུངས། ཀོང་པོ་རྒྱ་མདའ། དྭགས་པོ་དང་གྲོ་མོ་བཅས་སུ་བཟོ་ལས་ཁང་བཙུགས་ཡོད་པ་མ་ཟད། བོད་ཊམ་ལའང་ཊམ་ཀ་ལྔ་དང་བཅུ། ལྔ་བཅུ། ཉེར་ལྔ་སོགས་ཡོད་པ་དང་མཚུངས། ༸རྒྱལ་མཆོག་བཅུ་གསུམ་པ་ཆེན་པོའི་རིང་གསར་བསྐྲུན་གྱི་ཤོག་ལོར་ལའང་ཤོག་ལོར་སྲང་བརྒྱ་དང་སྲང་བཅུ། སྲང་ཉེར་ལྔ། སྲང་ལྔ་སོགས་རིགས་འདྲ་མིན་བྱུང་ཡོད་ཅིང་། ས་རཱ་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་དང་བོད་ཀྱི་ལོ་རྒྱུས་སློབ་དཔོན་འབུམ་རམས་པ་གཙང་ཕྲུག་སྟོབས་ལགས་ནས། བོད་ལ་ཟུར་དུ་དངུལ་སྒོར་ཡོད་པ་དེས་ལོ་རྒྱུས་ཐོག་བོད་རང་བཙན་གྱི་རྒྱལ་ཁབ་ཞིག་ཡིན་པ་གསལ་བོར་མཚོན་གྱི་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག
སྤྱིར་བཏང་བོད་བཙན་པོའི་རྒྱལ་རབས་ཀྱི་སྐབས་ནས་བཟུང་བོད་མི་ཚོས་འགྲོན་པུ་བེད་སྤྱོད་ཀྱིས་ཚོང་ལས་བརྗེ་བསྒྱུར་གྱི་ལམ་སྲོལ་དར་ཡོད་ནའང་། ཕྱིས་སུ་བོད་གཞུང་དགའ་ལྡན་ཕོ་བྲང་གི་སྐབས་མགོ་སྟོད་བལ་ཡུལ་གྱི་ཊམ་ཀ་བོད་ནང་བེད་སྤྱོད་གཏོང་སྲོལ་དར་བ་དེ། བལ་ཡུལ་གྱི་ནང་རྒྱལ་རབས་འགྱུར་བ་དང་ཊམ་ཀ་ལ་སླད་བཅུག་པ་སོགས་ཀྱི་དཀའ་རྙོག་བྱུང་བ་ནས་བཟུང་། སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་ནང་༸རྒྱལ་དབང་སྐུ་ཕྲེང་བརྒྱད་པའི་སྐུ་རིང་དེར། སྤྱི་ལོ་ ༡༧༩༡ ལོར་ཀོང་པོ་ཁུལ་དུ་བོད་ཊམ་གསར་བཟོ་བྱས་པ་འགྲེམས་སྤེལ་གནང་བ་ནས། བོད་གཞུང་དགའ་ལྡན་ཕོ་བྲང་གིས་དུས་སྐབས་རིམ་ཅན་དུ་བོད་ཊམ་གསར་དུ་པར་བཏབ་ཡོད་པ་མ་ཟད། རྩིས་དཔོན་ཞྭ་སྒབ་པ་ལགས་ཀྱི་སྲིད་དོན་རྒྱལ་རབས་སུ། “༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གི་རིང་། སྤྱི་ལོ་ ༡༩༡༣ ལོར་བོད་གཞུང་གིས་ཤོག་ལོར་གསར་དུ་པར་བཏབ་པ་དང་། རྗེས་སུ་རྒྱ་གར་ཀ་ལི་ཀ་ཏར་འཕྲུལ་འཁོར་ཐོག་ཤོག་དངུལ་ཚོན་ཁྲ་མ་པར་འདེབས་སློབ་སྦྱོང་དུ་ཤོད་ཕྱག་ནང་རྟ་མགྲིན་དབང་རྒྱལ་དང་། དོལ་གཞིས་རྩེ་དྲུང་དངོས་གཞི་ཐུབ་བསྟན་ཀུན་མཁྱེན་གཉིས་གཏོང་གནང་ཕྱིར་འཁོར་འཕྲལ། སྐྱེམ་སྟོང་དུ་བརྒྱབ་པའི་ཤིང་ཤོག་ལ་གསང་རྟགས་ཆུ་པར་གོང་འཁོད་ཐོག ཊམ་ལྔ་བཅུ་ཐམ་པའི་མ་གནས་ཅན་གྱི་ཤོག་དངུལ་ལྕགས་རྩི་ཚོན་ཁྲ་མ་མདུན་གངས་རི་དང་སེང་གེ རྒྱབ་ཏུ་སྟག་སེང་ཁྱུང་འབྲུག་གི་རི་མོས་ཕྱུག་པ། ཆབ་སྲིད་དབུ་བརྙེས་ཀྱི་ལོ་ཆིག་སྟོང་དྲུག་བརྒྱ་བདུན་ཅུ་དོན་བདུན། རབ་བྱུང་བཅུ་དྲུག་པའི་ཤོག་དངུལ་འཁོད་པ་དེ་ནི་ལྕགས་ལུག་ ༡༩༣༡ ལོར་འགྲེམ་གཏོང་གནང་བ།” ཞེས་འཁོད་པ་བཞིན། དེ་ནས་རིམ་པས་ཤོག་དངུལ་རིགས་འདྲ་མིན་འགྲེམས་སྤེལ་རིམ་པར་གནང་བ་ཁག སྤྱི་ལོ་༡༩༥༩ ལོར་བོད་ས་རྒྱ་ནག་གི་བཙན་འཛུལ་འོག་ཡོངས་སུ་མ་ཤོར་བར་དུ་བེད་སྤྱོད་བཏང་སྲོལ་བྱུང་ཡོད་འདུག
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།