ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱིས་གོ་སྐབས་ནམ་བྱུང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ཐུགས་ཚབས་ཡོད་པ་རྒྱ་ནག་གི་དཔོན་རིགས་མཉམ་གླེང་སློང་གནང་གི་ཡོད་པ་བརྗོད་འདུག

ཕྱི་ཟླ་༡༢པའི་ཚེས་༧རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་ཚོགས་གཙོ་ Ursula von der Leyen མཆོག་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་མཇལ་འཕྲད་གནང་བའི་རྗེས་ཡོ་རོབ་སྒྲིག་འཛུགས་ཀྱི་ངོས་ནས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་སེམས་ཚབས་ཆེན་པོ་་ཡོད་པར་བསྐྱར་ནན་དང་། ལྷག་པར་དུ་བོད་དང་ཤར་ཏུར་ཀེ་སི་ཐནཁུལ་དུ་མངོན་གསལ་དོད་པའི་འཆར་གཞི་དང་གོ་རིམ་ལྡན་པའི་ངང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་གི་ཡོད་པ་དང་། དེ་བཞིན་ཧོང་ཀོང་ནང་དེ་སྔོན་ཁས་ལེན་བྱས་པའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་ཉམས་དམས་ཤུགས་ཆེ་ཕྱིན་པ་བཅས་ཀྱི་ཐོག་བློ་ཚབས་ཤུགས་ཆེ་ཡོད་པ་བསྟན་འདུག
འདི་ག་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱིས་མཇལ་འཕྲད་གནད་དོན་དང་འབྲེལ་བའི་བཅར་འདྲི་ཞིག་ལ་ཕྱི་ཚེས་༧ཉིན་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ Nabila Massraliལགས་ཀྱིས་ཡིག་ཐོག་བཀའ་ལན་ཞིག་འབྱོར་ཡོད་པའི་ནང་། རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ཇེ་ཞན་ཇེ་སྡུག་ཏུ་འགྲོ་གི་ཡོད་པའི་གནས་སྟངས་དང་། དེ་ཡང་ཤར་ཏུར་ཀེ་སི་ཐན་དང་བོད་གཙོས་པའི་རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་ཚོའི་གཞི་རྩའི་རང་དབང་ཐོག་དམ་དྲག་གནས་སྟངས་བཅས་ལ་ཡུ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱིས་རྒྱ་ནག་གི་དཔོན་རིགས་མཇལ་འཕྲད་དང་། རྒྱལ་སྤྱིའི་ལྡིང་ཆ་སོགས་གོ་སྐབས་ནམ་བྱུང་ལ་གལ་ཆེན་པོས་ཐོག་ནས་གླེང་གིན་ཡོད་པ་བརྗོད་འདུག
དེ་བཞིན་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱིས་བོད་ནང་བཙན་ཤེད་ཀྱིས་བཅའ་སྡོད་སློབ་གྲ་བཙུགས་པ་དང་། དེ་བཞིན་བོད་ནང་བོད་མིའི་རིགས་རྫས་མཁོ་བསྡུར་བཅས་ཀྱི་ཐོག་ལ་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་གཏམ་བཤད་ལས་རིམ་ནང་ཡང་ཚུད་ཡོད་ལུགས་གོང་ཞུས་མགྲིན་ཚབ་པས་བརྗོད་འདུག
ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་ཚོགས་གཙོ་ Ursula von der Leyen མཆོག་དང་། ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་ཕྱི་སྲིད་ལས་དོན་ཐད་ཀྱི་འགན་འཛིན་ Josep Borrell ་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་འཛིན་སྐྱོང་ལྷན་ཚོགས་ཀྱི་གཙོ་འཛིན་ Charles Michel བཅས་ཀྱིས་རྒྱ་ནག་དང་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཁོངས་ཀྱི་རྒྱལ་ཁབ་ཚོའི་དབར་འདས་པའི་ལོ་ཤས་ནས་བཟུང་ཚོང་དང་གཞན་ཡང་གནད་དོན་འགའ་ཤས་ཀྱི་ཐོག་མི་མཐུན་པའི་ཆ་ཡོད་པ་རྣམས་སེལ་ཐབས་སུ་གྲོས་མོལ་གནང་ཆེད་རྒྱ་ནག་ཏུ་ཕེབས་ཡོད་པ་རེད། ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་ནག་མཉམ་འགྲོ་བ་མིའི་ཐོབ་ཐང་དང་ར་ཤེ་ཡའི་མཉམ་རྒྱ་ནག་གི་འབྲེལ་ལམ། ཡུཀ་རན་དང་ར་ཤེ་ཡའི་དབར་གྱི་དམག་འཁྲུག དེ་བཞིན་གནམ་གཤིས་འགྱུར་ལྡོག་དང་འཕྲོད་བསྟེན་བཅས་པའི་གནད་དོན་ཐད་བཀའ་བསྡུར་གནང་འཆར་ཡོད་འདུག་ལ་འདི་ནི་ལོ་ངོ་བཞིའི་རྗེས་སུ་རྒྱ་ནག་གི་སྲིད་འཛིན་དང་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་དཔོན་རིགས་ཚོའི་དབར་དངོས་སུ་མཇལ་འཕྲད་ཀྱི་ཐོག་ནས་བཀའ་མོལ་གནང་བ་ཐོག་མ་དེ་ཡང་ཆགས་ཀྱི་ཡོད་འདུག
གསར་འགོད་པ། བསྟན་འཛིན་དཔལ་མོ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག