སྲིད་སྐྱོང་མཆོག་དང་བཀའ་བློན་རྣམ་པས་གྲོས་ཚོཊ་ནས་ཕྱིར་ཐོན་པ།


2017.03.18
སྲིད་སྐྱོང་མཆོག་དང་བཀའ་བློན་རྣམ་པས་གྲོས་ཚོགས་ནས་ཕྱིར་ཐོན་པ། ༢༠༡༧།༣།༡༨། སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱིས་གཙོས་པའི་བཀའ་བློན་རྣམ་པ་གྲོས་ཚོགས་ནས་ཕྱི་ལ་ཐོན་གནང་ཡོད་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། བསྟན་འཛིན་དོན་ཡོད།

༄༅། །བཞུགས་སྒར་རྡ་རམ་ས་ལར་ཚོགས་བཞིན་པའི་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་ཐེངས་གསུམ་པའི་ཉིན་ལྔ་པ་ཕྱི་ཚེས་༡༨ཉིན་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་དང་སྙན་ཐོ་སྒྲོགས་སྦྱང་གནང་ཡོད་པ་དང་། འཛིན་སྐྱོང་བཀའ་ཤག་གི་ངོས་ནས་སྙན་ཐོ་དེའི་ནང་། སྲིད་སྐྱོང་དང་སྤྱི་འཐུས་ཀྱི་སྔོན་འགྲོ་དང་དངོས་གཞི་གཉིས་འོས་འཕེན་མི་དགོས་པར་འོས་བསྡུ་གཅིག་གིས་འཐུས་པ་བྱ་རྒྱུའི་བསམ་འཆར་འོས་བསྡུའི་སྒྲིག་གཞི་འཆར་ཟིན་ཚོགས་ཆུང་གིས་བཏོན་པའི་སྙན་ཐོ་ནང་སླེབས་མེད་པ་གསུངས་ནས།  ངོ་རྒོལ་མཚོན་ཆེད་བགྲོ་གླེང་ནང་མ་བཞུགས་པར་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱིས་གཙོས་པའི་བཀའ་བློན་རྣམ་པ་གྲོས་ཚོགས་ནས་ཕྱི་ལ་ཐོན་ཡོད་པ་རེད་།  སྲིད་སྐྱོང་དང་སྤྱི་འཐུས་གཉིས་ཀྱི་འོས་བསྡུའི་སྐོར་ལ་མི་མང་ནང་དང་གྲོས་ཚོགས་ནང་བགྲོ་གླེང་རིམ་པ་བྱུང་མཐར། ༢༠༡༦ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོའི་ཐོག་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཀྱི་འཆར་ཟིན་ཚོགས་ཆུང་ཆེད་འཛུགས་བྱས་ཏེ།  ཚོགས་གཙོ་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་ལགས་དང་། ཚོགས་དྲུང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་། ཚོགས་མི་དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས། ཚོགས་མི་སྤྱི་འཐུས་པདྨ་འབྱུང་གནས་ལགས། ཚོགས་མི་སྤྱི་འཐུས་ཀླུ་ཚང་རྒྱ་རིགས་ཐར་ལགས་བཅས་གཏན་འཁེལ་བྱུང་ཡོད་པ་རེད།   སྔོན་འགྲོ་དང་དངོས་གཞིའི་འོས་བསྡུ་ཐེངས་གཉིས་མི་དགོས་པ་སྙན་ཐོའི་ནང་འདོན་དགོས་པའི་བསམ་འཆར་ཚོགས་ཆུང་གི་ཚོགས་གཙོ་བཀའ་བློན་ཀརྨ་ཡེ་ཤེས་ལགས་དང་། ཚོགས་མི་དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་ཀྱིས་བཏོན་ཡོད་པ་དང་། ཚོགས་ཆུང་དེའི་ཚོགས་དྲུང་གིས་མཚོན་པས་སྤྱི་འཐུས་གསུམ་གྱིས་དེར་མོས་མཐུན་མ་བྱས་པར་མང་མོས་ཐག་གཅོད་བྱས་པ་ཞིག་ཡིན་འདུག  སྙན་ཐོ་དེ་གྲོས་ཚོགས་ནང་བགྲོ་གླེང་ཆེད་ཚུད་མིན་གྲོས་ཚོགས་ནང་མང་མོས་ཀྱིས་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་དང་། སྤྱི་འཐུས་བློ་བཟང་གྲགས་པ་ལགས་གཉིས་ཀྱིས་དགག་པ་བརྒྱབ་ཡོད་ནའང་། གྲོས་ཚོགས་ནང་ཚུད་དགོས་པ་ཚད་མཐོའི་མང་མོས་ཀྱི་རྒྱབ་སྐྱོར་ཐོབ་ནས་དེའི་ཐོག་འོས་བསྡུ་གནང་ཡོད་པ་རེད།།
གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎