༸གོང་ས་མཆོག་ནས་ཨོག་སི་ཕཱོ་ཌི་སློབ་གྲའི་ནང་གསུང་བཤད་གནང་བ།
2008.05.30
༄༅༎བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དེ་རིང་དབྱིན་ཡུལ་གྱི་སྐད་གྲགས་ཆེ་བའི་ཨོག་སི་ཕཱོ་ཌི་གཙུག་ལག་སློབ་གྲའི་ནང་གསུང་བཤད་གྲུབ་ཏེ་སང་ཉིན་རྒྱ་གར་ཕྱོགས་སུ་ཆིབས་བསྒྱུར་གནང་གི་ཡོད་པ་རེད།
བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཁ་སྔོན་ཕྱི་ཚེས་ ༢༠ ནས་ཚེས་ ༣༡ བར་ཉིན་གྲངས་བཅུ་གཅིག་ཙམ་དབྱིན་ཡུལ་དུ་ཆིབས་བསྒྱུར་གནང་རིང་དབྱིན་ཇིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ཚོགས་ཆུང་ཐོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་མེད་པའི་གནས་སྟངས་སྐོར་གསུང་བཤད་གནང་བ་མ་ཟད། དབྱིན་ཇིའི་སྲིད་བློན་གོར་ཌེན་སྦ་རའོན་མཆོག་དང་མཇལ་འཕྲད་སོགས་ཀྱི་མཛད་འཕྲིན་སྐྱང་གནང་ཡོད་ཅིང། དེ་རིང་མཛད་འཆར་མཐའ་མ་ནི་དབྱིན་ཇིའི་ཨོག་སི་ཕཱོ་ཌི་གཙུག་ལག་སློབ་གྲའི་དུས་རབས་༡༧ ནང་འཛུགས་སྐྲུན་བྱས་པའི་ལོ་རྒྱུས་ལྡན་པའི་ཚོགས་ཁང་ནང་ཆེས་ལས་པ་དང་སློབ་ཕྲུག་ལ་གསུང་བཤད་གནང་བ་མ་ཟད་ནང་ཆོས་ཀྱི་ཐོག་ལ་བཀའ་འདྲི་ཞུ་རྒྱུའི་གོ་སྐབས་ཀྱང་གནང་ཡོད་པ་རེད། བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་དབྱིན་ཇིའི་སྲིད་བློན་རྣམ་གཉིས་ཕྱི་ཚེས་༢༣ ཉིན་མཇལ་འཕྲད་གནང་བ་དེར་རྒྱ་ནག་ཕྱོགས་ནས་སྐྱོན་བརྗོད་ཤུགས་ཆེ་བྱས་པ་མ་ཟད། རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་དབྱིན་ཇིའི་གཞུང་གིས་རྒྱ་ནག་ནང་སྲིད་ལ་ཐེ་ཇུས་བྱས་པ་ཡིན་ལུགས་ཀྱིས་དབུ་ཁྲིད་རྣམ་གཉིས་ཀྱི་མཇལ་འཕྲད་ལ་ངོ་རྒོལ་ཤུགས་ཆེ་བྱས་ཡོད་ཅིང། ཡིན་ནའང་སྲིད་བློན་གོར་ཌེན་སྦ་རའོན་དང་མཇལ་འཕྲད་གནང་རྒྱུའི་སྔ་ནུབ་ཏུ་དབྱིན་ཇིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ཚོགས་ཆུང་གིས་གོ་སྒྲིག་གནང་བའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐོག་གསུང་བཤད་གནང་བའི་སྐབས་གྲོས་ཚོགས་ཀྱི་འཐུས་མི་ཞིག་གིས་དབྱིན་ཇིའི་གཞུང་གིས་བོད་ལ་རྒྱབ་སྐྱོར་གྱི་ཕྱག་ལས་གནང་ཕྱོགས་ཐུགས་བློ་ཁེངས་པ་ཡོང་གི་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་ དབྱིན་ཇིས་བོད་ཀྱི་གནད་དོན་ཐོག་རྒྱུས་མངའ་ཆེ་ཤོས་ཤིག་ཡིན་ནའང་བོད་ཐོག་རྒྱབ་སྐྱོར་ཐུགས་བློ་ཁེངས་པ་གནང་གི་མེད་པའི་སྐོར་བཀའ་ལན་གནང་ཡོད་པ་རེད།