༸གོང་ས་མཆོག་རིང་མིན་སོ་ལོ་ལྦེ་ནི་ཡར་ཆིབས་བསྒྱུར།
2010.02.16
༄༅༎སོ་ལོ་ལྦེ་ནི་ཡའི་བྱང་ཕྱོགས་གྲོང་ཁྱེར་མེ་རི་སྦོན་ཡིས་གདན་ཞུ་ཕུལ་བ་ལྟར་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རིང་མིན་ཕྱི་ཟླ་བཞི་པའི་ནང་སོ་ལོ་ལྦེ་ནི་ཡའི་རྒྱལ་ཁབ་ཏུ་འཚམས་འདྲིར་ཆིབས་བསྒྱུར་བསྐྱང་གི་ཡོད་པ་རེད།
དེ་ཡང་རེས་གཟའ་ཟླ་བའི་ཉིན་མེ་རི་སྦོན་གྲོང་ཁྱེར་སྤྱི་ཁྱབ་པ་ཕེ་རེང་ཀེང་ལཱར་ཡི་མགྲིན་ཚབ་པས་གཞུང་གི་བརྙན་འཕྲིན་ཐོག་ལ་གསུང་དོན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སོ་ལོ་ལྦེ་ནི་ཡའི་ནང་ཆིབས་བསྒྱུར་གནང་རྒྱུའི་ཐུགས་གཏན་འཁེལ་ཟིན་པ་དང། དེའང་ཕྱི་ཟླ་བཞི་པའི་ཚེས་༡༢ནས་༡༤བར་ལ་ཆིབས་བསྒྱུར་བསྐྱང་རྒྱུ་མ་ཟད། གྲོང་ཁྱེར་སྤྱི་ཁྱབ་པས་མཇལ་འཕྲད་ཞུ་རྒྱུ་ཡིན་པ་སོགས་གསུངས་ཡོད་པ་རེད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རིང་མིན་སོ་ལོ་ལྦེ་ནི་ཡའི་ནང་ཆིབས་བསྒྱུར་བསྐྱང་རྒྱུ་དེ་ནི། གྲོང་ཁྱེར་མེ་རི་སྦོན་གཙུག་ལག་སློབ་གྲ་དང་གྲོང་ཁྱེར་གྱི་དཔོན་རིགས། འབྲིང་རིམ་སློབ་གྲ་བཅས་ཀྱིས་ཇི་ལྟར་ཆིབས་བསྒྱུར་ཡོང་བའི་གསོལ་འདེབས་ཞུས་དོན་བཞིན། གཞོན་སྐྱེས་ཚོར་མི་ཆོས་འཚོ་མཐུན་གྱི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུའི་མཛད་འཆར་ཡོད་པ་དང། དེ་རྗེས་མེ་རི་སྦོན་གྲོང་ཁྱེར་གྱི་མཛད་འཆར་ཁག་གྲུབ་པའི་རྗེས། སོ་ལོ་ལྦེ་ནི་ཡའི་གྲོང་ཁྱེར་ཆེ་ཤོས་ཨང་གཉིས་པ་ཇུབ་ལ་ན་ནང་ཆིབས་བསྒྱུར་བསྐྱང་གནང་རྒྱུ་ཡིན་པ་རེད། ད་ལྟའི་འཆར་གྲོང་ཁྱེར་དེའི་ནང་གི་མཛད་འཆར་ཁག་ག་རེ་ཡིན་མིན་དང། དཔོན་རིགས་སུ་དང་མཇལ་འཕྲད་གནང་གི་ཡོད་མེད་སྐོར་གྱི་གནས་ཚུལ་གཏན་འཁེལ་གསལ་བསྒྲགས་གནང་མེད་པ་རེད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་རེས་སོ་ལོ་ལྦེ་ནི་ཡའི་ཡུལ་གྲུའི་ནང་ཆིབས་བསྒྱུར་བསྐྱང་རྒྱུ་དེ་ཐེངས་གཉིས་པ་ཡིན་ཞིང། དེ་སྔ་ཕྱི་ལོ་༢༠༠༢ལོར་ཐེངས་དང་པོ་ཆིབས་བསྒྱུར་བསྐྱང་བའི་སྐབས་སོ་ལོ་ལྦེ་ནི་ཡའི་མཐོ་རིམ་ཆབ་སྲིད་དཔོན་རིགས་ཁག་ཅིག་གིས་གཞུང་འབྲེལ་མ་ཡིན་པའི་ཐོག་ནས་༸གོང་ས་མཆོག་དང་མཇལ་འཕྲད་ཞུས་ཡོད་པ་རེད།