༧གོང་ས་མཆོག་ཕེ་རེན་སིར་ཞབས་སོར་བདེ་བར་འཁོད་འདུག
2011.08.13
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སུད་ཛར་ལན་ཌེའི་མཛད་འཆར་ཁག་ལེགས་པར་སྒྲུབ་ཏེ་ཁ་ས་ཕྱི་ཚེས་༡༣ཉིན་ཕ་རན་སིར་ཞབས་སོར་བདེ་བར་འཁོད་གནང་ཡོད་པ་རེད་
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕ་རན་སིའི་གནམ་ཐང་དུ་ཕེབས་འབྱོར་གནང་བའི་སྐབས་ཡོ་རོབ་དམིགས་བསལ་སྐུ་ཞབས་སྐལ་བཟང་རྒྱལ་མཚན་ལགས་དང་ མཛད་འཆར་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་ཡོངས་ནས་ཕེབས་བསུ་ཞུས་གནང་འདུག དེ་བཞིན་ཕ་རན་སིའི་གནམ་ཐང་དུ་༧གོང་ས་མཆོག་གིས་གསར་འགོད་པ་ཁག་ཅིག་དང་མཇལ་འཕྲད་གནང་སྟེ་ཕ་རན་སིའི་མི་མང་རྣམས་ལ་མཛའ་བརྩེའི་འཚམས་འདྲི་གནང་བ་དང་ཆབས་ཅིག་མགོན་པོ་གང་ཉིད་ཕ་རན་སིའི་ལྷོ་ཕྱོགས་གྲོང་ཁྱེར་ཀྲུ་ལོ་སེ་ནང་ལོ་མང་པོའི་རྗེས་སུ་བསྐྱར་དུ་ཆིབས་བསྒྱུར་གནང་ཐུབ་པར་ཐུགས་མཉེས་པོ་བྱུང་ཡོད་ལུགས་བཀའ་གནང་འདུག ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གསར་འགོད་ལྷན་ཚོགས་དེའི་ཐོག་མགོན་པོ་གང་ཉིད་ཁུལ་དེར་ཕེབས་དགོས་དོན་ནི་འགྲོ་བ་མིའི་རིན་ཐང་དང་ བྱམས་སྙིང་རྗེ་ ཆོས་ལུགས་ནང་ཁུལ་མཛའ་མཐུན་ཡོང་ཐབས་སོིགས་ཀྱི་ཐད་བཀའ་སློིབ་གནང་དུ་ཕེབས་པ་ཡིན་ལུགས་བཀའ་གནང་འདུག ཡང་གསར་འགོད་པ་ཞིག་གིས་༧གོང་ས་མཆོག་དེ་སྔ་ཕ་རན་སིའི་ནང་དུ་ཕེབས་པ་དང་ ད་རེས་བསྐྱར་དུ་ཕ་རན་སིའི་ནང་དུ་ཕེབས་པའི་དབར་ཁྱད་པར་ག་རེ་གཟིགས་ཀྱི་འདུག་གམ་ཞེས་བཅའ་འདྲི་ཞུས་པའི་བཀའ་ལན་དུ་ད་རེས་ང་ཆབ་སྲིད་ཀྱི་འགན་དབང་གང་ཡང་མེད་པའི་ཐོག་ནས་ཕ་རན་སིའི་ནང་ཡོང་བ་ཡིན་ཞེས་༧གོང་ས་མཆོག་གིས་བཀའ་ལན་གནང་འདུག་ལ་དེ་བཞིན་ཡང་༧གོང་ས་མཆོག་གིས་བོད་ཀྱི་ལོ་རྒྱུས་ནང་མི་ལོ་ཉིས་སྟོང་ཙམ་གྱི་རྗེས་སུ་མང་གཙོའི་ལམ་ནས་མི་མང་གིས་འོས་འདེམས་བྱས་པ་ཞིག་གིས་ཆབ་སྲིད་ཀྱི་འགན་དབང་ཆ་ཚང་འཁྱེར་བའི་འགྱུར་བ་ཆེན་པོ་ཞིག་བྱུང་ཡོད་ལུགས་ཀྱང་བཀའ་གནང་འདུག ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕ་རན་སིའི་ནང་ཉིན་གྲངས་གསུམ་རིང་ཞུགས་རྒྱུན་རིང་གྲོང་ཁྱེར་ཀྲུ་ལོ་སེ་ནང་ཆོས་འབྲེལ་གྱི་མཛད་པ་བསྐྱང་གནང་རྒྱུ་དང་ དེ་ནས་ཕྱི་ཚེས་༡༥ཉིན་དེར་ཡོད་མང་ཚོགས་ལ་བདེ་སྐྱིད་འཚོལ་བ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཀྲིན་སྩལ་གནང་རྒྱུ་ཡིན་པ་རེད་