༸གོང་ས་མཆོག་གི་ཡོ་རོབ་ཁུལ་ཆིབས་བསྒྱུར་མཛད་འཕྲིན་སྐོར།
2009.02.07
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨི་ཊ་ལི་དང་ཇར་མ་ནིའི་ནང་དགུང་ཞག་བཞིའི་རིང་ཆིབས་བསྒྱུར་མཛད་འཕྲིན་བསྐྱང་ཕྱིར་ཁ་ས་བཞུགས་སྒར་རྡ་རམ་ས་ལ་ནས་ཆིབས་ཐོན་མཛད་འདུག ཕྱི་ལོ་གསར་པ་དེའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་རྒྱལ་ཁག་ཏུ་ཆིབས་བསྒྱུར་མཛད་འཕྲིན་བསྐྱངས་པ་ཐོག་མ་ཡིན་པ་རེད། ཡོ་རོབ་དབུས་ཤར་ཁུལ་གྱི་བོད་གཞུང་སྐུ་ཚབ་དོན་གཅོད་ཆོས་སྐྱབས་པ་ཚེ་བརྟན་བསམ་གྲུབ་ལགས་ཀྱིས་ད་རེས་༸གོང་ས་མཆོག་ཡོ་རོབ་ནང་ཆིབས་བསྒུར་དེ་ནི་རྒྱ་ནག་གཞུང་གིས་བོད་ནང་དྲག་པོའི་བཙན་འཛུལ་སྒོ་ནས་བཙན་པོ་དབང་བསྒྱུར་ལ་བོད་མིས་རང་དབང་གྱེན་ལངས་གནང་སྟེ་ལོ་ལྔ་བཅུ་འཁོར་བའི་དུས་དྲན་འཛམ་གླིང་ཁྱོན་ཡོངས་ནང་བོད་མི་ཚོས་སྲུང་བརྩི་གནང་ལ་ཉེ་བའི་སྐབས་དང་རྒྱ་གཞུང་གིས་བོད་ནང་གི་མིའི་ཐོག་དྲག་གནོན་བྱེད་ཤུགས་ཆེ་རུ་བཏང་བས་བོད་མིའི་ཁྲོད་ཞེད་སྣང་དངངས་ཚབ་ཆེན་པོ་བསྐྲུན་པའི་དུས་འདིར་ཆིབས་བསྒྱུར་བསྐྱངས་པ་ཞིག་ཡིན་སྐོར་བསྒྲགས་གཏམ་ཞིག་སྤེལ་བའི་ནང་གསུངས་འདུག ཨི་ཊ་ལིིའ་རྒྱལ་ས་རོམ་གྱི་གྲོང་སྡེའི་སྤྱི་ཁྱབ་ཇི་ཡ་ནི་ཨ་ལེ་མ་ནོ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གྲོང་ཁྱེར་དེའི་མི་སེར་ཡིན་པའི་ཆེ་བསྟོད་གཟེངས་རྟགས་དགྱེས་བཞེས་མཛད་ཕྱིར་ཆིབས་བསྒྱུར་བསྐྱངས་གནང་ཡོང་བའི་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུས་པ་བཞིན་ད་རིང་ཕྱི་ཟླ་གཉིས་པའི་ཚེས་བརྒྱད་ཉིན་༸གོང་ས་མཆོག་རྒྱལ་ས་རོམ་ནང་ཆིབས་བསྒྱུར་ཞབས་སོར་འཁོད་གནང་མཛད་རྒྱུ་དང་ཕྱི་ཚེས་དགུ་ཉིན་༸གོང་ས་མཆོག་ལ་གྲོང་ཁྱེར་དེའེ་མི་སེར་ཡིན་པའི་ཆེ་བསྟོད་ཕྱག་ཁྱེར་འབུལ་ལམ་ཞུ་རྒྱུའི་མཛད་སྒོའི་ཐོག་ཆིབས་བསྒྱུར་བསྐྱངས་རྒྱུ་དང་དེ་ནས་གྲོང་ཁྱེར་ལྦེ་ནི་སི་ནང་ཆིབས་བསྒྱུར་བསྐྱངས་རྒྱུ་དང་སྔ་ལོའི་ཕྱི་ཟླ་བདུན་པའི་ནང་ལྦེ་ནི་སི་གྲོང་སྡེ་ལྷན་ཚོགས་ཀྱིས་༸གོང་ས་མཆོག་ལ་གྲོང་ཁྱེར་དེའི་མི་སེར་ཡིན་པའི་ཆེ་བསྟོད་ཞུ་རྒྱུ་སྤྱི་མོས་བྱུང་བཞིན་ཕྱག་ཁྱེར་འབུལ་ལམ་ཞུ་རྒྱུ་ཡིན་པ་རེད། དེ་རྗེས་ཕྱི་ཚེས་བཅུ་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཇར་མ་ནིའི་གྲོང་ཁྱེར་སྦེ་ཌེན་སྦེ་ཌེན་ལ་ཆིབས་བསྒྱུར་བསྐྱངས་གནང་རྒྱུ་དང་༸གོང་ས་མཆོག་ལ་ཇར་མ་ནིའི་གསར་འགོད་པའི་གཟེངས་རྟགས་འབུལ་ལམ་ཞུ་རྒྱུ་དང་དེ་ནི་༸གོང་ས་མཆོག་གིས་བཟོད་བསྲན་དང་གུས་བརྩི།ཞི་འགྲིགས་ཡོང་ཐབས་དར་སྤེལ་གནང་བཞིན་པ་མ་ཟད་འཚེ་མེད་ཞི་བའི་ལམ་ནས་བོད་མིའི་ཐོབ་ཐང་འཐབ་རྩོད་གནང་བཞིན་པ་སོགས་བརླབ་ཆེན་གྱི་མཛད་འཕྲིན་ལ་ཆེ་བསྟོད་ཞུ་ཕྱིར་ཡིན་འདུག གོང་ཞུས་མཛད་འཕྲིན་ཁག་ལེགས་གྲུབ་ཟིན་པའི་རྗེས་སུ་ཕྱི་ཚེས་བཅུ་གཅིག་ཉིན་བཞུགས་སྒར་དུ་ཕྱིར་ཕེབས་གནང་རྒྱུའི་མཛད་འཆར་ཡོད་པའི་གནས་ཚུལ་འདུག།