༸གོང་ས་མཆོག་ལ་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས།
2009.09.05
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སོ་ལོ་ལྦ་ཀི་ཡ་ཡུལ་གྱིས་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཤིག་འབུལ་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག
དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ཚེས་བརྒྱད་ནས་བཅུ་བར་ཉིན་གསུམ་རིང་སོ་ལོ་ལྦ་ཀི་ཡའི་ཡུལ་ནང་ཆིབས་བསྒྱུར་སྐྱངས་གནང་སྐབས་ཡུལ་དེའི་ཇན་ལང་གོ་ཞེས་པའི་ཚོགས་པ་དེས་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་དེ་འབུལ་བཞེས་གནང་རྒྱུ་ཡིན་པ་རེད།
༸གོང་ས་མཆོག་གིས་གཟེངས་རྟགས་དེ་ཡུལ་དེའི་རྒྱལ་ས་སྦ་ར་སི་ཏི་ས་ལ་ལྦ་ཞེས་པའི་གྲོང་ཁྱེར་གྱི་ཚོགས་ཁང་ཞིག་ནང་ཕྱི་ཚེས་དགུ་རེས་གཟའ་ལྷག་པའི་ཉིན་འབུལ་བཞེས་གནང་རྒྱུ་ཡིན་པ་རེད། སྐབས་དེའི་ཆིབས་བསྒྱུར་དེར་པེ་སིན་ཀི་ཞེས་པའི་རྩེད་འགྲན་ཁང་ཞིག་ནང་༸གོང་ས་མཆོག་གིས་མང་ཚོགས་ལ་བཀའ་སློབ་གསུང་བཤད་དང་རྗེས་དུ་དགོངས་བསྐོར་བཀའ་འདྲི་བཀའ་ལན་གནང་རྒྱུའི་མཛད་འཆར་ཞིག་ཀྱང་གོ་སྒྲིག་གནང་ཡོད་པ་རེད།
ཡུལ་དེའི་ཀྲི་ཨེ་ཨེསི་ཨར་གསར་འགྱུར་ལས་ཁང་དེས་གོང་ཞུས་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་གི་མཛད་སྒོ་དེ་གོ་སྒྲིག་གནང་མཁན་ཚོགས་པས་ཡུལ་གྱི་གཞུང་འཛིན་དང་ཕྱོགས་འགལ་ཚོགས་པའི་འགོ་འཁྲིད་རྣམས་མཛད་སྒོར་གདན་འདྲེན་ཞུས་ཡོད་ཀྱང་དལྟའི་འཆར་ཕྱོགས་འགལ་ཚོགས་པའི་འགོ་འཁྲིད་རྣམས་ཀྱིས་བཅར་རྒྱུའི་ཞལ་བཞེས་གནང་ཡང་སྲིད་བློན་རོ་སྦི་ཏེ་ཕི་ཁོ་ཡིས་བཅར་གནང་རྒྱུ་མིན་པའི་ལན་གསལ་དང་སྲིད་འཛིན་དང་གྲོས་ཚོགས་ཀྱི་ཚོགས་གཙོས་གསལ་ཆ་གང་ཡང་གནང་མེད་སྐོར་གནས་ཚུལ་བཏོན་ཡོད་པ་རེད༎